མཚོ་སྔོན་གྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་སྐོར་ཞིབ་རིམ་པ་གསུམ་པ་སྤེལ་འགོ་བརྩམས།
2018.10.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ་བཅུ་བའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་གྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་སྐོར་ཞིབ་རིམ་པ་གསུམ་པ་སྤེལ་བའི་བཀོད་སྒྲིག་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་ཀྲུང་དབྱང་གི་སྐབས་བཅུ་དགུ་བའི་སྐོར་ཞིབ་བྱེད་ཐེངས་གཉིས་པའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་ཏེ། སྐོར་ཞིབ་ཚན་ཁག་གི་ཚན་གཙོར་དབང་ཆ་བསྩལ་བའི་གཏན་འབེབས་ཁྱབ་བསྒྲགས་བྱས། ཞིང་ཆེན་ཏང་ཨུས་སྐོར་ཞིབ་བྱ་བར་མཐོང་ཆེན་བླ་མེད་མཛད་ཀྱིན་ཡོད་ཅིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཀྱང་ཐེངས་འདིའི་སྐོར་ཞིབ་ལས་དོན་ལ་ཆེད་དུ་བླང་བྱ་བཏོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཐིན་ཅཱ་ཚའེ་ཡིས་སྐུལ་སློང་གཏན་བཤད་སྤེལ་བ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཡུས་ཡན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཝང་ཅན་ཅུན་གྱིས་བླང་བྱ་བཏོན་ནས་བཤད་རྒྱུར། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་སྐོར་ཞིབ་རིམ་པ་གཉིས་པས་གྲུབ་འབྲས་བཟང་བོ་བླངས་ཡོད། སྐོར་ཞིབ་རིམ་པ་གསུམ་པ་མི་འགྱངས་པར་སྤེལ་ལ་ཉེ་བ་དང་། དངུལ་རྩ་དང་མཐོ་རིམ་སློབ་གྲྭ། རྒྱལ་དབང་ཁེ་ལས་བཅས་ནི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གལ་ཆེན་ཡིན་པས། སྐོར་ཞིབ་བྱ་བས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱུན་མཐུད་ལྔའི་བླང་བྱ་གལ་ཆེན་ལག་བསྟར་ནན་ཏན་དང་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཤིང་། ཀྲུང་དབྱང་སྐོར་ཞིབ་རིམ་པ་དང་པོས་མཚོ་སྔོན་ལ་ཆེད་དོན་སྐོར་ཞིབ་བྱེད་ཀྱིན་པའི་གོ་སྐབས་བཟང་བོ་དམ་འཛིན་བྱས་ནས། ཆབ་སྲིད་སྐོར་ཞིབ་ཀྱི་གནས་ཐིག་རྒྱུན་འཁྱོངས་བྱས་ཏེ། སྐོར་ཞིབ་དང་ལྟ་སྐུལ་ཁྲོད་ནས་གནད་དོན་རྙེད་པར་བྱེད་པ་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ནུས་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ནས། ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་མངོན་སུམ་འབུར་དུ་ཐོན་པར་བྱས་མཐར། འབད་བརྩོན་ཆེན་པོས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་དགོས་ལ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་བསྐྲུན་པར་ཆབ་སྲིད་ཀྱི་འགན་སྲུང་སྟོབས་དང་ལྡན་པ་ཞིག་འདོན་སྤྲོད་བྱེད་དགོས་ཟེར། 

ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར་དུ། ཐེངས་འདིའི་སྐོར་ཞིབ་བྱ་བས་མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་སློབ་ཆེན། མཚོ་སྔོན་དངུལ་རྩ་གཞུང་སྒྲུབ་ཁང་། མཚོ་སྔོན་ཞིང་ཆེན་ཞིང་སྡེ་ཡིད་རྟོན་མཉམ་ལས་ཁང་། མཚོ་སྔོན་དངུལ་ཁང་། མཚོ་སྔོན་ཞིང་ཆེན་ཡིད་རྟོན་འགན་འཛིན་ཐུན་མོང་ཚད་ཡོད་ཀུང་ཟི། མཚོ་སྔོན་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་དངུལ་གཏོང་དོ་དམ་ཚད་ཡོད་ཀུང་ཟི། མཚོ་སྔོན་ཞིང་ཆེན་ཆུ་བེད་ཆུ་གློག་ཚད་ཡོད་ཀུང་ཟི་བཅས་ལ་ཆེད་དམིགས་སྐོར་ཞིབ་བྱེད་རྒྱུ་ཡིན་ལ། སྐོར་ཞིབ་བྱེད་པའི་དུས་ཡུན་ནི་ཟླ་བཅུ་བའི་ཟླ་དཀྱིལ་ནས་ཟླ་བཅུ་གཉིས་པའི་ཟླ་དཀྱིལ་བར་རེད།