མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་བསྡུས།
2018.10.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་བཅུ་བའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་ཀྲུང་གུང་ཀྲུང་དབྱང་གིས་ཧྥང་ཧྥིན་ཧོས་ཀྱི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་གྱོད་དོན་དང་དེའི་བསླབ་བྱའི་སྐོར་གྱི་ཁྱབ་བསྒྲགས་ལ་སློབ་སྦྱོང་དང་དེ་བརྒྱུད་བསྒྲགས་བྱས། ཚང་མས་མགྲིན་གཅིག་ཏུ་བསྟན་དོན། ཏང་ཀྲུང་དབྱང་གིས་ཧྥང་ཧྥིན་ཧོས་ཀྱི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་གྱོད་དོན་དང་དེའི་བསླབ་བྱའི་སྐོར་གྱི་ཁྱབ་བསྒྲགས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གོ་གནས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་གྱུར་གཅིག་བསྡུས་འགོ་ཁྲིད་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ཏེ། རང་རྟོགས་སྒོས་འདུ་ཤེས་བཞི་ལག་ལེན་ལ་བསྟར་བ་དང་། རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད། ལག་ལེན་བཅས་ཀྱི་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་བསྡུས་ཚད་མཐོ་ཡོང་བར་བྱས་ནས། བློ་བརྟན་འགྱུར་མེད་ངང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལས་དོན་གཏིང་ཟབ་ས་ནས་ཟབ་སར་སྤེལ་རྒྱུ་ཡིན་ཟེར།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་ལས་བསྟན་དོན། ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་སྔུན་ནས་མི་ཚང་མ་འདྲ་མཉམ་ཡིན། ཏང་ཀྲུང་དབྱང་གིས་ཧྥང་ཧྥིན་ཧོས་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་དོན་ཚབས་ཆེན་ལ་ཐག་གཅོད་ནན་མོ་བྱས་པ་ནི། ཁྱོན་ཡོངས་ནས་ཀོ་པའོ་ཞུང་དང་ཞུའུ་ཚའེ་ཧིག་གི་དུག་རྒྱུན་གྱི་ཤན་ཤུགས་རྩ་བ་ནས་སེལ་བའི་གྲུབ་ཆ་གལ་ཆེན་ཡིན་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བའི་བྱེད་ཐབས་སྟོབས་དང་ལྡན་པ་ཞིག་ཀྱང་ཡིན། དེས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་དམག་དཔུང་བཅོས་སྐྱོང་ནན་མོ་བྱེད་པའི་བློ་རྩ་དྲག་པོ་དང་ཆོད་སེམས་བརྟན་པོ་མངོན་པར་མཚོན་པ་ལས་གཞན། ད་དུང་ང་ཚོའི་ཏང་གི་རང་ཉིད་བབ་གཙང་ཅན་དུ་བསྒྱུར་བ་དང་རང་ཉིད་འཐུས་ཚང་ཅན་དུ་གཏོང་བ། རང་ཉིད་སྒྱུར་བཅོས་བྱེད་པ། རང་ཉིད་ཀྱི་ནུས་པ་མཐོར་འདེགས་གཏོང་བ་བཅས་ཀྱི་བསམ་པ་མངོན་པར་མཚོན་ཡོད་་པ་དང་། འདི་ལ་ཏང་དང་དམག་དཔུང་། མི་དམངས་བཅས་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱེད་པ་ཡིན་ཟེར། 

ཟི་ལིང་ན་ཡོད་པའི་ཞིང་ཆེན་རིམ་པ་གཞོན་པ་ཡན་གྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་དང་། ཞིང་ཆེན་རིམ་པའི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ཏང་ཡོན་ལས་བྱེད་པ་རྒན་པ་རྣམས་ཚོགས་འདུར་ཞུགས།