ཞི་ཅིན་ཕིང་གིས་ཐེ་ཧུའུ་འཛམ་གླིང་རིག་གནས་གླེང་སྟེགས་ཀྱི་ལོ་ཚོགས་སྐབས་ལྔ་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
2018.10.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཐེ་ཧུའུ་འཛམ་གླིང་རིག་གནས་གླེང་སྟེགས་ཀྱི་ལོ་ཚོགས་སྐབས་ལྔ་པ་ཚེས་བཅོ་བརྒྱད་ཉིན་པེ་ཅིན་ནས་ཚོགས་འགོ་བརྩམས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ཀྱི་ལོ་ཚོགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་བསྟན་དོན། ཤེས་རིག་བརྗེ་རེས་སློབ་སྦྱོང་ནི་མིའི་རིགས་ཀྱི་ཤེས་རིག་གོང་འཕེལ་དང་འཛམ་གླིང་ཞི་བའི་གོང་འཕེལ་གྱི་སྒུལ་ཤུགས་གལ་ཆེན་ཡིན། མིའི་རིགས་ནི་དུས་རྟག་ཏུ་མི་རིགས་མི་འདྲ་བ་དང་རིག་གནས་མི་འདྲ་བ་མཉམ་འདྲེས་མཉམ་སློབ་ཀྱི་ཁྲོད་ནས་གོང་འཕེལ་དུ་འགྲོ་བཞིན་ཡོད། ཐེ་ཧུའུ་འཛམ་གླིང་རིག་གནས་གླེང་སྟེགས་ཀྱི་ཐེངས་འདིའི་ལོ་ཚོགས་ཀྱིས་རིག་གནས་གླེང་མོལ་ཏེ་མིའི་རིགས་ཀྱི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་དགོས་ཞེས་པ་བརྗོད་གཞིར་བཟུང་བ་དེ། ཕྱོགས་སོ་སོས་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་བ་དང་ལྟ་བ་གཅིག་མཐུན་བྱེད་པ། མཉམ་ལས་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ནས། འཛམ་གླིང་ཤེས་རིག་གི་བརྗེ་རེས་སློབ་སྦྱོང་ལ་ཡར་སྐུལ་བྱེད་པར་ཕན་པ་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཕན་ཚུན་བརྩི་བཀུར་དང་འདྲ་མཉམ་དྲང་གཞག མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་པའི་འདོད་བློ་བཅངས་ཡོད་ལ། རྒྱལ་ཁབ་སོ་སོས་སེམས་ཤུགས་གཅིག་མཐུན་གྱིས་མིའི་རིགས་ཀྱི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་དགོས་པའི་འབོད་སྐུལ་གཏོང་བཞིན་ཡོད། ཤེས་རིག་ནི་བརྗེ་རེས་ལ་བརྟེན་ནས་རྣམ་པ་ཇེ་མང་དང་། ཤེས་རིག་ནི་སློབ་སྦྱོང་ལ་བརྟེན་ནས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་པས། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། ཤེས་རིག་མི་འདྲ་བས་ཕན་ཚུན་བརྩི་བཀུར་དང་འཆམ་མཐུན་མཉམ་གནས་བྱེད་པར་ཡར་སྐུལ་བྱས་ཏེ། ཤེས་རིག་བརྗེ་རེས་སློབ་སྦྱོང་དེ་མིའི་རིགས་ཀྱི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པའི་དགེ་མཚན་ཅན་གྱི་སྟོབས་ཤུགས་སུ་འགྱུར་བྱེད་པ་དང་། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་ཐུན་མོང་གི་འགྲན་རྩོད་ལ་ཁ་གཏད་མཉམ་འཇལ་གྱིས་སྔར་ལས་མཛེས་སྡུག་གི་འཛམ་གླིང་འཛུགས་སྐྲུན་བྱེད་འདོད་ཡོད་ཟེར།