མཱ་ཧེ་དབྱིན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་དུ་སོང་ནས་རྟོག་ཞིབ་བྱས།
2018.10.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཉེ་ལམ།   ཞིང་ཆེན་ཏང་ཨུའི་བསྐྱོད་པ་བཞི་དོན་འཁྱོལ་བྱེད་པའི་བྱ་འགུལ་གྱི་བླང་བྱ་ལྟར།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཧེ་དབྱིན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་དུ་སོང་ནས་རྟོག་ཞིབ་བྱས།

རྟོག་ཞིབ་བྱེད་སྐབས་མཱ་ཧེ་དབྱིན་འབྲི་སྟོད་རྫོང་བདེ་སྐྱིད་རྒན་གསོ་ཁང་སོགས་འབྲེལ་ཡོད་སྡེ་ཁག་ཏུ་སོང་ནས་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན།  དམངས་ཚིས་ལེགས་བཅོས་སོགས་བྱ་བ་གཙོ་བོ་དོན་འཁྱོལ་བྱས་པའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན།

མཱ་ཧེ་དབྱིན་གྱིས་བསྟན་དོན།   འབྲི་སྟོད་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་གཟབ་ནན་གྱིས་ལག་ལེན་མཐར་ཕྱིན་བྱས་པ་དང་།   སྟོབས་ཤུགས་ཡོད་རྒུས་དབུལ་སྐྱོར་བཟོ་སྐྲུན་ལག་བསྟར་དང་།   སྐྱེ་ཁམས་སྲུང་སྐྱོབ་དང་སློབ་གསོ་འཕྲོད་བསྟེན།  གཞུང་ལམ་འགྲིམ་འགྲུལ།  ཡུལ་གཞན་གནས་སྤོར་སོགས་གཏན་འཇགས་མ་རྩའི་དངུལ་གཏོང་ལས་གཞིའི་འཛུགས་སྐྲུན་རྒྱུན་ཆད་མེད་པར་རྒྱ་སྐྱེད་དེ་ཁོར་ཡུག་བཅོས་སྐྱོང་དང་སྐྱེ་ཁམས་མ་ལག་སྲུང་སྐྱོབ་ལ་གཅིག་གྱུར་སྒོས་སྐུལ་འདེད་བཏང་བ་དང་།   ཐོན་ཁུངས་དགེ་མཚན་བེད་སྤྱོད་དང་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་བཟོ་སྐྲུན་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད་པར་མ་ཟད།   དམངས་ཚིས་ལས་གཞི་རྫོང་ཡོངས་ལ་ཁེབས་པར་བྱས་ཏེ་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་བ་མཐོར་འདེགས་བཏང་ཡོད་པ་དང་།  སྤྱི་ཚོགས་བཅོས་སྐྱོང་ལ་ཕན་ནུས་མངོན་གསལ་ཐོབ་སྟེ་བྱ་བ་སོ་སོར་གྲུབ་འབྲས་བཟང་བོ་བླངས་ཡོད་ཟེར།

མཱ་ཧེ་དབྱིན་གྱིས་ནན་གྱིས་བསྟན་དོན། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ལོ་རེའི་དམིགས་འབེན་ལས་འགན་གཅིག་བསྡུས་བྱས་ཏེ་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་དུས་ཚོད་དམ་འཛིན་བྱེད་པ། ལས་འགན་དངོས་འབེབས་དོན་འཁྱོལ་བྱེད་དགོས།  རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་ལས་འགན་གཏན་ཁེལ་གསལ་བོ་བྱས་ཏེ་གྲུབ་འབྲས་ལེན་པར་འགན་སྲུང་བྱེད་དགོས།   སྒྲིག་སྲོལ་འདུ་ཤེས་བརྟན་པོར་འཛུགས་པ་དང་། འགན་འཁྲི་ཁག་ཁུར་བྱེད་ཕོད་པ།  བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ཁྲོད་ཀྱི་དཀའ་གནད་གཟབ་ནན་གྱིས་ཐག་གཅོད་བྱས་ཏེ་ལོ་ཧྲིལ་བོའི་ལས་འགན་སྤུས་ཚད་མཐོན་པོས་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་དགོས་ཟེར།