མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་གསར་འགྱུར་གླེང་ཕྱོགས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།
2018.11.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

ཟླ་བཅུ་གཅིག་པའི་ཚེས་བདུན་ཉིན་གྱི་ཕྱི་དྲོར། མཚོ་སྔོན་གྱིས་གསར་འགོད་པའི་དུས་ཆེན་ཐེངས་བཅུ་དགུ་བ་སླེབས་ལ་ཉེ་བའི་སྐབས་དང་བསྟུན་ནས།  ཞིང་ཆེན་ཡོངས་ཀྱི་གསར་འགྱུར་གླེང་ཕྱོགས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་ཚོགས་འདུར་ཞུགས་ནས་གཏམ་བཤད་དེ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་རྒྱལ་ཡོངས་དྲིལ་སྒྲོག་བསམ་བློ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱས་ཏེ། འགན་ནུས་དང་འོས་འགན་ཡིད་ལ་དམ་པོར་འཛིན་དགོས་པ་དང་། ཏང་གི་བཀའ་གསུངས་བརྒྱུད་སྒྲོག་གང་ལེགས་བྱེད་པ། མི་དམངས་ཀྱི་རྐང་རྗེས་ཟིན་ཐོར་ལེགས་པོར་འགོད་པ། གསར་འགྱུར་གླེང་ཕྱོགས་ཀྱི་བརྒྱུད་སྒྲོག་དང་སྣེ་སྟོན། ཤུགས་རྐྱེན། སྤྱི་རྟོན་བཅས་ཀྱི་ནུས་པ་མངོན་གསལ་སྒོས་ཇེ་མཐོར་གཏོད་དགོས་ཟེར།

ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གསར་འགྱུར་གླེང་ཕྱོགས་བྱ་བ་གཉེར་མཁན་ཡོངས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་ཏེ་འཚམས་འདྲི་བྱས་པར་མ་ཟད། གསར་འགོད་པ་རྣམས་དང་ལྷན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་འགྱུར་གླེང་ཕྱོགས་བྱ་བར་བཏོན་པའི་འགན་ནུས་དང་། དྲིལ་སྒྲོག་བསམ་བློ་བྱ་བར་གཟས་ཏེ་བཏོན་པའི་འགན་འཁྲི་དང་ལས་འགན་ལ་བསྐྱར་སྦྱོང་བྱས། ཁོས་བསྟན་དོན། ཏང་གི་རྩ་དོན་ཡིད་ལ་དམ་པོར་འཛིན་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བའི་ཁྱད་ཆོས་དང་སྤྱི་ཚོགས་རིང་ལུགས་ཀྱི་དགེ་མཚན་ཆེ་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་ལ། སྨྱན་བྱེད་ཡོད་ཚད་ཀྱང་ཏང་གི་སྣེ་སྟོན་འོག་གི་སྨྱན་བྱེད་ཡིན། ཏང་གིས་སྣེ་ཁྲིད་པའི་གསར་འགྱུར་ཚང་མ་ནི་གསར་འགྱུར་ལེགས་པོ་ཡིན་ལ། ཏང་གི་བཀའ་གསུངས་དང་དུ་ལེན་པའི་གླེང་ཕྱོགས་ཡོད་ཚད་ཀྱང་གླེང་ཕྱོགས་ལེགས་པོ་ཡིན། གསར་འགྱུར་གླེང་ཕྱོགས་ལས་དོན་གཉེར་མཁན་རྣམས་ཀྱིས་ཆབ་སྲིད་པའི་མཐོ་ཚད་ནས་འགྲེང་སྟེ་གནད་དོན་ལ་བསམ་གཞིགས་གཏོང་དགོས་པ་དང་། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་དཀྱིལ་སྙིང་དུ་བཟུང་ནས་ལས་དོན་བཟང་བོར་བསྒྲུབ་དགོས། དེ་མིན་ད་དུང་ཐོག་མཐའ་བར་གསུམ་ཀུན་ཏུ་ཏང་དང་སེམས་གཅིག་ཕྱོགས་གཅིག་འགྲོས་གཅིག་ཡོང་བར་བྱེད་དགོས། མི་དམངས་ཀྱི་ལངས་ཕྱོགས་སྔར་ལས་ཇེ་བརྟན་དུ་གཏོང་དགོས། མི་དམངས་ཀྱི་ལངས་ཕྱོགས་ནི་ཏང་གི་རྩ་བའི་ལངས་ཕྱོགས་ཡིན་ལ། གསར་འགྱུར་གླེང་ཕྱོགས་བྱ་བའི་ལངས་ཕྱོགས་གཙོ་བོ་ཡང་ཡིན། མིག་སྔའི་སྤྱི་ཚོགས་ལ་དུས་བདེ་དང་འདུ་ལོང་གི་རྣམ་པ་ཅུང་རྒོད་པས། གསར་འགྱུར་གླེང་ཕྱོགས་བྱ་བ་གཉེར་མཁན་རྣམས་གྱིས་སེམས་མི་འཚབ་དང་མི་དངངས་བའི་སྒོ་ནས། བདེ་སྐྱིད་འཚོ་བ་བསྐྲུན་ཆེད་དམངས་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་བསྡུས་བྱེད་དགོས། རྒྱལ་ཁབ་ཀྱི་དགའ་ཞེན་མངོན་པར་བྱེད་དགོས། བརྒྱུད་སྒྲོག་ཐབས་ལམ་གྱི་འགྱུར་ལྡོག་གསར་བར་རུང་བསྟུན་བྱས་ཏེ། སྨྱན་བྱེད་ལ་ཁ་ལོ་ཡག་པོ་བསྒྱུར་དགོས་པར་མ་ཟད། ལག་ཆ་བཀོལ་སྤྱོད་གང་ལེགས་བྱས་ཏེ། ན་གཞོན་རྣམས་ཀྱིས་ཏང་གི་ཚགས་པར་དང་དུས་དེབ་ལ་དོ་སྣང་བྱེད་པ་དང་། ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་ལས་དོན་ཆེ་མ་ཆུང་གསུམ་ལ་དོ་སྣང་བྱེད་པར་སྣེ་སྟོན་མཛད་དེ། མཚོ་སྔོན་གསར་བ་བསྐྲུན་པར་མཁོ་བའི་དུས་རབས་ཀྱི་མི་གསར་བ་གསོ་སྐྱོང་བྱེད་དགོས། དུས་རབས་ཀྱི་གོམ་རྗེས་ཆོད་པར་བྱེད་དགོས། སྒྲིག་གཞིའི་སྟེང་གི་སྒྱུར་བཅོས་ཆེན་པོ་དང་ཁེ་ཕན་གྱི་སྟེང་གི་སྙོམ་སྒྲིག་ཆེན་པོ། བསམ་བློའི་སྟེང་གི་གསོན་ཤུགས་ལེགས་པོ། འདུ་ཤེས་ཀྱི་སྟེང་གི་བརྡབ་གསིག་ཆེན་པོ་བཅས་མྱངས་དང་མྱོང་བཞིན་པའི་དུས་སྐབས་འདིར། སྤྱི་ཚོགས་ཀྱི་སྣ་མང་རང་བཞིན་གྱིས་བསམ་བློ་དང་འདུ་ཤེས་ཀྱི་སྟེང་དུའང་སྣ་མང་རང་བཞིན་ཞར་ཞོར་ཀུན་ནས་ཁྱེར་ཏེ་ཡོང་བཞིན་ཡོད་པས། གསར་འགྱུར་གླེང་ཕྱོགས་བྱ་བས་དུས་རབས་ཀྱི་སྐད་སྒྲ་ཆ་ཡོངས་ནས་བསྒྲག་པར་བསམ་གཞིགས་གནད་ཐིངས་གཏོང་བ་དང་ཞིབ་འཇུག་གནད་སྨིན་བྱེད་དགོས། ཐབས་རྩལ་ལེགས་ཤིང་མ་གདན་ལེགས་པ། བྱུང་རིམ་གསལ་བའི་དུས་རབས་ཀྱི་གཏམ་རྒྱུད་ལེགས་པོ་འཆད་བཞིན། ཐོག་མཐའ་བར་གསུམ་ཀུན་ཏུ་དུས་རབས་ཀྱི་སྔོན་གྲས་ཟིན་པར་འབད་དགོས། ལས་རིགས་ལ་བཟུང་བའི་ཁེངས་སྐྱུང་གི་རྣམ་པ་རྒྱུན་འཁྱོངས་བྱེད་དགོས། གསར་འགྱུར་གླེང་ཕྱོགས་བྱ་བ་གཉེར་མཁན་ནི་ལས་རིགས་ཀྱི་དད་ཞེན་པ་དང་བློས་གཏོང་བ་ཡིན་པས། རང་ཉིད་ཀྱི་ལས་རིགས་ལ་གུས་སེམས་ཡོད་དགོས་ཤིང་། རང་སྟེང་གི་དགེ་མཚན་ཡོད་རྒུ་རྩལ་དུ་སྤྲུགས་ཏེ་མང་ཚོགས་ལ་ཏང་གི་སྲིད་ཇུས་སྒྲོག་འགྲེལ་ལེགས་པོ་བྱས་མཐར། ཏང་གི་ཆེད་དུ་བསམ་འཆར་ཅི་རིགས་བཏོན་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཇུས་གཞི་གང་བཟང་འཐེན་དགོས་ཟེར། 

ཝང་ཅན་ཅུན་གྱིས་གསར་འགྱུར་གླེང་ཕྱོགས་བྱ་བ་གཉེར་མཁན་ཡོངས་ལ་བདེ་ཐང་གི་འདུ་ཤེས་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན། རང་ཉིད་དང་ཁྱིམ་ཚང་། མི་གཞན་བཅས་ལ་བྱམས་སྐྱོང་བྱས་ནས། བདེ་ཐང་དང་སྤྲོ་དགའ། བག་ཕེབས་བཅས་ཀྱི་སྒོ་ནས་ལས་དོན་གཉེར་བ་དང་འཚོ་བ་རོལ་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་གསར་འགྱུར་གླེང་ཕྱོགས་བྱ་བར་ཆ་རྐྱེན་གང་ལེགས་བསྐྲུན་དགོས་ཤིང་། གསར་འགྱུར་ལས་ཁུངས་རྣམས་ཀྱིས་ཀྱང་གསར་འགྱུར་ལས་བཟོ་བར་སྐྱེ་ཁམས་ལེགས་པོ་འདོན་སྤྲོད་བྱས་ཏེ། དུས་རབས་གསར་བ་དང་མཚོ་སྔོན་གསར་བ། གླེང་ཕྱོགས་གསར་བ། སིམ་འདྲེས་གསར་བ་བཅས་ཀྱི་ཆེད་དུ་བྱས་རྗེས་གསར་བ་འཇོག་དགོས་ཟེར།

ཀྲང་ཞི་མེན་གྱིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས། ཡུས་ཚུང་ལི་དང་ཀྲང་ལིས་ཚོགས་འདུར་ཞུགས།

ཚོགས་ཐོག་ནས་མི་དམངས་ཉིན་རེའི་ཚགས་པར་ཁང་གི་མཚོ་སྔོན་ཡན་ལག་ཁང་དང་ཞིན་ཧྭ་གསར་འགྱུར་ཁང་གི་མཚོ་སྔོན་ཡན་ལག་ཁང་། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་མཚོ་སྔོན་གསར་འགོད་པའི་ས་ཚིགས། ཀྲུང་དབྱང་བརྙན་འཕྲིན་ཁང་གི་མཚོ་སྔོན་གསར་འགོད་པའི་ས་ཚིགས། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཟི་ལིང་དགོང་དྲོའི་ཚགས་པར་ཁང་བཅས་ཀྱི་འགན་ཁུར་མི་སྣ་དང་ལས་གནས་སྟེང་གི་གསར་འགོད་པའི་འཐུས་མི་བཅས་ཀྱིས་གཏམ་བཤད།