ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
2018.11.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་སྐབས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། བཅོས་སྒྱུར་སྒོ་འབྱེད་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་བརྒྱུད་རིམ་དང་རིན་ཐང་བྲལ་བའི་ཉམས་མྱོང་ལ་སྤྱི་སྡོམ་བྱེད་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བཅོས་སྒྱུར་སྒོ་འབྱེད་ཀྱི་དོན་སྙིང་གལ་ཆེན་དང་རླབས་ཆེན་གྲུབ་འབྲས་གསལ་བོར་ཤེས་པར་སྣེ་ཁྲིད་བྱེད་དགོས་ལ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་དགོས་པར་མ་ཟད་མུ་མཐུད་དུ་བཅོས་སྒྱུར་སྒོ་འབྱེད་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་སྤྱིའི་དམིགས་འབེན་གསལ་བོར་ཤེས་པར་བྱས་ནས། དུས་རབས་གསར་པའི་བཅོས་སྒྱུར་སྒོ་འབྱེད་སྔར་ལས་གཏིང་ཟབ་ཏུ་སྤེལ་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཧུའུ་ཉིང་དང་ཧན་ཀྲིན་གཉིས་ཀ་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་ཧེ་ནན་ཞིང་ཆེན་གྱི་གསར་སྐྲུན་འདེད་སྐུལ་འཕེལ་རྒྱས་འཐབ་ཇུས་ལག་བསྟར་ཇུས་གཞི་དང་ཧེ་ནན་ཞིང་ཆེན་དུ་རྒྱལ་སྤྱིའི་གནས་སྐོར་འཛད་སྤྱོད་ལྟེ་གནས་འཛུགས་སྐྲུན་ལག་བསྟར་བྱེད་པའི་སྐོར་གྱི་ཇུས་གཞི། ཧེ་ནན་ཞིང་ཆེན་གྱི་ཁྱོན་ཡོངས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བའི་ཕྱོགས་བསྡུས་ནོར་ཤུགས་ཁ་གསབ་མ་དངུལ་ཐད་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་དོ་དམ་བྱེད་ཐབས་སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་གིས་རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ཁྱོན་ཡོངས་ལ་དམིགས་ཏེ། ཧེ་ནན་ཞིང་ཆེན་ལ་ཁྱོན་ཡོངས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བའི་འགན་འཁྲི་གསར་བ་གནང་བ་དང་། ཧེ་ནན་ཞིང་ཆེན་གྱིས་གླིང་ཕྲན་ཡོངས་སུ་རང་མོས་ཉོ་ཚོང་ཚོད་ལྟ་ས་ཁུལ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པར་རིམ་བཞིན་འཚོལ་ཞིབ་དང་བརྟན་བརླིང་སྒོས་ལག་བསྟར་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལྟར་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་ལག་བསྟར་ཇུས་གཞིའི་སྒྲིག་ལུགས་བྱ་བ་བཟང་བོར་བསྒྲུབ་དགོས། ཧེ་ནན་ཞིང་ཆེན་གྱིས་གསར་སྐྲུན་འདེད་སྐུལ་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ་དང་རྒྱལ་སྤྱིའི་གནས་སྐོར་འཛད་སྤྱོད་ལྟེ་གནས་འཛུགས་སྐྲུན་བྱེད་པར་གཅིག་གྱུར་འཆར་འགོད་བྱེད་པ་དང་དངོས་འབེབས་བྱ་བ་དམ་འཛིན་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། སྲིད་འཛིན་ཁྲིམས་སྐྱོང་མངོན་གསལ་དང་ཚད་ལྡན། ཁྲིམས་མཐུན། དྲང་བཞག་བཅས་ཡིན་དགོས་པ་དང་མུ་མཐུད་དུ་ཁྲིམས་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ཁྲིམས་སྐྱོང་གོ་རིམ་ཚད་ལྡན་དུ་གཏོང་དགོས་ལ། ཁྲིམས་སྐྱོང་རྣམ་པ་གསར་སྐྲུན་བྱེད་པ་དང་ཁྲིམས་སྐྱོང་ལྟ་སྐུལ་ལ་ཤུགས་སྣོན་དགོས། ཁྲིམས་སྐྱོང་ཕན་ནུས་ཁྱོན་ཡོངས་ནས་ཇེ་ཆེར་གཏོང་བ་དང་དབང་ཆ་དང་འགན་འཁྲི་གཅིག་གྱུར་བྱེད་པར་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་དགོས་ཟེར།

ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྣམས་གྲོས་ཚོགས་ལ་ཞུགས་པ་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས།