ཝང་དབྱང་གིས་ཅང་སུའུ་ཡི་ཆོས་ལུགས་བྱ་བར་རྟོག་ཞིབ་བྱས།
2018.11.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཉེ་ལམ་ཅང་སུའུ་རུ་སོང་ནས་ཆོས་ལུགས་བྱ་བར་རྟོག་ཞིབ་བྱས། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་ཡང་དག་བྱེད་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཆོས་ལུགས་བྱ་བའི་ཁྲིམས་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་བ། ཆོས་ལུགས་ལས་རིགས་ཀྱིས་རང་སྟེང་འཛུགས་སྐྲུན་ལ་ཤུགས་སྣོན་པར་རྒྱབ་སྐྱོར་བྱེད་པ། ཏང་དང་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་གཅིག་གྱུར་འཐབ་ཕྱོགས་སྲ་བརྟན་དུ་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་དྲང་ཕྱོགས་ཀྱི་ནུས་ཚད་གཅིག་བསྡུས་བྱེད་དགོས་ཟེར།

ཚེས་བཅུ་བཞི་ཉིན་ནས་ཚེས་བཅོ་ལྔ་ཉིན་བར། ཝང་དབྱང་ཅང་སུའུ་ཞིང་ཆེན་གྱི་འབྲེལ་ཡོད་ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱ་འགུལ་སྤེལ་ས་རུ་སོང་ནས། ཆོས་ལུགས་བྱ་བའི་དོ་དམ་དང་ཚོགས་པ་འཛུགས་སྐྲུན། ཤེས་ལྡན་མི་སྣ་སྐྱེད་སྲིང་སོགས་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས་ནས། ཆོས་ལུགས་མི་སྣས་བཏོན་པའི་བསམ་འཆར་ལ་ཉན། ཝང་དབྱང་གིས་ཅང་སུའུ་ཡིས་ཏང་ཀྲུང་དབྱང་གི་ཆོས་ལུགས་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོང་གིས་བསྟན་དོན། ཆོས་ལུགས་བྱ་བ་དེ་ཏང་གིས་མི་དམངས་མང་ཚོགས་ལ་འབྲེལ་འདྲིས་དམ་ཟབ་བྱེད་པ་དང་འབྲེལ་བ་ཡོན་ལ། སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ། རྒྱལ་ཁབ་ཀྱི་བདེ་འཇགས་བཅས་དང་ཡང་འབྲེལ་བ་ཡོད་པས། རིམ་པ་སོ་སོའི་ཏང་ཨུས་ཆོས་ལུགས་བྱ་བའི་ཐད་ནས་དོན་ཆུང་མེད་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཏང་གི་ཆོས་ལུགས་བྱ་བའི་ཐད་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ། ཆོས་ལུགས་བྱ་བ་དེ་གྲོས་རིམ་ཉིན་ཐོ་གཙོ་བོའི་ཁྲོད་འཇོག་པ། ཆོས་ལུགས་བྱ་བའི་དོ་དམ་དྲ་རྒྱ་འཐུས་ཚང་དུ་གཏོང་བ། ཆོས་ལུགས་བྱ་བའི་འགན་འཁྲི་ལམ་ལུགས་ལག་བསྟར་བྱས་ཏེ། གཞི་རིམ་གྱི་ཆོས་ལུགས་བྱ་བར་དམ་འཛིན་དང་དོ་དམ་བཟང་བོ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ཚེས་བཅོ་ལྔ་ཉིན། ཝང་དབྱང་གིས་ཅང་སུའུ་ཞིང་ཆེན་སྲིད་གྲོས་ལས་ཁུངས་ལ་འཚམས་འདྲི་བྱས་པར་མ་ཟད། འགོ་མཛིན་མཛད་དེ་ཅང་སུའུ་རུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་བཞུགས་མོལ་ཚོགས་འདུ་བསྡུས་ནས། རྒྱལ་ཡོངས་སྲིད་གྲོས་བྱ་བའི་ཐད་ཀྱི་བསམ་འཆར་ལ་ཉན།