མཚོ་སྔོན་ཞིང་ཆེན་གྱི་རྒན་གསོ་ཞབས་ཞུའི་ཉམས་མྱོང་བརྗེ་རེས་དང་ལྟ་སྦྱོང་གྲོས་ཚོགས་ཟི་ལིང་ནས་ཚོགས།
2018.11.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་ཞིང་ཆེན་ཡོངས་ཀྱི་རྒན་གསོ་ཞབས་ཞུའི་ཉམས་མྱོང་བརྗེ་རེས་ཡུལ་དངོས་གྲོས་ཚོགས་སྟེང་བསྟན་དོན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ། འདུ་ཤེས་བསྒྱུར་བ་དང་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་པ། བྱེད་ཐབས་གསར་གཏོད་དང་འཚོལ་ཞིབ་ནན་མོ་བྱས་ཏེ། ཧུར་ཐག་གིས་ཞིང་ཆེན་ཡོངས་ཀྱི་རྒན་གསོ་ཞབས་ཞུའི་ལས་དོན་སྤུས་ཚད་མཐོན་པོའི་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། རྒན་གསོ་ཞབས་ཞུ་ལས་དོན་དེ་ཁྱིམ་ཚང་མང་པོ་དང་འབྲེལ་བ་ཡོད་ལ། མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་དང་བདེ་སྣང་། སྐྱིད་ཚོར་དང་འབྲེལ་བ་ཡོད་པ་མ་ཟད། སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ཀྱི་སྤྱི་ཡོངས་དང་། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པ་དང་ཞིང་སྡེ་དར་སྤེལ་འཐབ་ཇུས་བདེ་བླག་ངང་ལག་བསྟར་བྱེད་པ་དང་ཡང་འབྲེལ་བ་ཡོད་པས། ས་ཆ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཧ་ཅང་མཐོང་ཆེན་བྱེད་པ་དང་། འབད་འཐབ་ལྷོད་མེད་བྱེད་དགོས། མིག་སྔར། རྒན་གསོ་ལས་དོན་འཕེལ་རྒྱས་སུ་གཏོང་ན། བྱ་བའི་འདུ་ཤེས་བསྒྱུར་དགོས་ཏེ། མལ་ཁྲིའི་གྲངས་ཀ་ཁོ་ན་བརྩི་བ་ལས་རྒན་གསོ་ཞབས་ཞུའི་རྒྱུ་སྤུས་མཐོར་འདེགས་བྱེད་པར་བསྒྱུར་བ་དང་། ལས་ཁུངས་ཀྱི་ལོ་ལོན་ལ་རྒན་གསོ་ཞབས་ཞུ་འདོན་སྤྲོད་བྱེད་པ་ལས་ལོ་ལོན་ཡོངས་ལ་ཞབས་འདེགས་ཞུ་བར་བསྒྱུར་བ། གཞི་རྩའི་འགན་སྲུང་ཞབས་ཞུ་ནས་ལོ་ལོན་གྱི་དགོས་མཁོ་དངོས་ཀྱི་ཁ་སྐོང་བར་བསྒྱུར་དགོས། འཆར་འགོད་ཀྱི་སྣེ་ཁྲིད་འབུར་ཐོན་བྱས་ནས། ཐོན་ཁུངས་མཉམ་བསྲེས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། ཐོན་སྐྱེད་རྒྱུ་ཆ་གཏོང་ཚད་ངོས་མི་མཉམ་པ་དང་རྨང་གཞིའི་སྒྲིག་ཆས་རང་དགར་བསྐྱུར་བ། སྨན་བཅོས་དང་ལུས་གསོ་ཐོན་ཁུངས་ཟུང་འབྲེལ་ཚད་དམའ་བ་སོགས་ཀྱི་ཐོན་ཁུངས་ཐར་ཐོར་རང་བཞིན་དང་ལས་ཆོད་དམའ་བའི་གནད་དོན་ཐག་གཅོད་དགོས། བྱ་བའི་གཙོ་གནད་འབུར་ཐོན་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཁྱད་ཆོས་དང་མཐུན་པའི་མཁར་གྲོང་གི་རྒན་གསོ་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་དགོས། སྤྱི་ཚོགས་ཐོན་ཁུངས་མཉམ་བསྲེས་དང་བེད་སྤྱོད་བྱེད་པ་དང་། སྲིད་གཞུང་གིས་སྤྱི་ཚོགས་སྟོབས་ཤུགས་ཀྱི་ལག་ནས་ཞབས་ཞུ་ཉོ་སྒྲུབ་བྱེད་པར་སྐུལ་འདེད་གཏོང་བ། སྤྱི་ཐུན་ཞབས་ཞུའི་མཁོ་འདོན་ཇེ་མང་དུ་བཏང་སྟེ། སྤྱི་ཐུན་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་དགོས་ཟེར།