མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིབ་བཤེར་ཁྲོད་བཏོན་པའི་བསམ་འཆར་དག་ཐེར་ལེགས་བཅོས་བྱེད་པའི་བཀོད་སྒྲིག་གྲོས་ཚོགས་བསྡུས།
2018.11.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན།   མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིབ་བཤེར་ཁྲོད་བཏོན་པའི་བསམ་འཆར་དག་ཐེར་ལེགས་བཅོས་བྱེད་པའི་བཀོད་སྒྲིག་གྲོས་ཚོགས་བསྡུས་ཏེ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིབ་བཤེར་ཐེངས་ལྔ་བའི་སྐབས་སུ་བཏོན་པའི་བསམ་འཆར་ཁྱབ་བསྒྲགས་བྱས་པ་དང་།   དག་ཐེར་ལེགས་བཅོས་དངོས་འབེབས་དོན་འཁྱོལ་བྱེད་དགོས་པའི་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།   ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཝང་ཡུས་པའོ་ཡིས་བསྟན་དོན།   ད་ལོའི་ཟླ་བརྒྱད་པའི་ཟླ་སྨད་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིབ་བཤེར་ཚན་ཆུང་ཉེར་དགུ་བས་མཚོ་སྔོན་དུ་ཡུལ་དངོས་ལྟ་ཞིབ་བྱས་པ་དང་།   ཉེ་སྔོན་མཚོ་སྔོན་ཞིང་ཆེན་ལ་ཕྱོགས་ལྔ་དང་དོན་ཚན་བཅོ་བརྒྱད་ཅན་གྱི་ཡིག་ཐོག་གི་ཞིབ་བཤེར་བསམ་འཆར་བཏོན་ཡོད།   བཏོན་པའི་གནད་དོན་དེ་དག་ལ་དམིགས་སའི་རང་བཞིན་ལྡན་ལ།   རྒྱལ་ཁབ་ཀྱི་ཞིབ་བཤེར་ཚད་གཞི་རྒྱུན་འཁྱོངས་བྱས་ཡོད་པར་མ་ཟད།  མཚོ་སྔོན་གྱི་དངོས་ཡོད་གནས་ཚུལ་ལའང་བསམ་བློ་བཏང་ཡོད་པས། ང་ཚོས་ལྷག་བསམ་རྣམ་དག་གིས་དང་ལེན་དང་བློ་བརྟན་འགྱུར་མེད་སྒོས་དག་ཐེར་ལེགས་བཅོས་བྱེད་དགོས་ཟེར།

ཝང་ཡུས་པའོ་ཡིས་ནན་གྱིས་བསྟན་དོན།   ཞིབ་བཤེར་ཚན་ཆུང་ཉེར་དགུ་བས་བཏོན་པའི་བསམ་འཆར་དག་ཐེར་ལེགས་བཅོས་བྱེད་རྒྱུ་ཧ་ཅང་གལ་ཆེ་བས།   ཆབ་སྲིད་མཐོང་ཆེན་གྱི་ངོས་ནས་དག་ཐེར་ལེགས་བཅོས་བྱ་བ་དེ་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་སྲུང་སྐྱོབ་གཉིས་ཇེ་བརྟན་དུ་གཏོང་བའི་ཞིབ་ཕྲའི་ལག་ལེན་དུ་བྱེད་དགོས་པ་དང་།   ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་གཉིས་ཀྱི་བྱ་བའི་བླང་བྱ་ལྟར།   བསམ་བློའི་སྟེང་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ་དག་ཐེར་ལེགས་བཅོས་བྱ་བ་དངོས་འབེབས་དོན་འཁྱོལ་བྱེད་དགོས།  དག་ཐེར་ལེགས་བཅོས་ཇུས་གཞི་མགྱོགས་མྱུར་སྒོས་ཞིབ་འཇུག་གཏན་ཁེལ་བྱས་ཏེ་དག་ཐེར་ལེགས་བཅོས་ལས་འགན་ལ་རིགས་བགར་དབྱེ་ཞིབ་བྱེད་དགོས་པ་དང་།   དག་ཐེར་ལེགས་བཅོས་དམིགས་འབེན་གཏན་ཁེལ་གསལ་བོ་བྱེད་དགོས།   ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་།   འགན་འཁྲིའི་སྡེ་ཁག་དང་འགན་ཁུར་མི་སྣ་དངོས་འབེབས་བྱེད་པ།  མཐུན་སྦྱོར་རོགས་ལས་ལ་མཐོང་ཆེན་བྱས་ཏེ་མཉམ་ཤུགས་གྲུབ་པར་བྱེད་པ་སོགས་བྱས་ཏེ་བླང་བྱ་ལྟར་དག་ཐེར་ལེགས་བཅོས་བྱ་བ་སོ་སོ་གཟབ་ནན་གྱིས་སྤེལ་དགོས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཟེར།