ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་ཚགས་པར་སྟེང་མཚན་བཀོད་རྩོམ་ཡིག་སྤེལ།
2018.11.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན། ཧྥི་ལི་ཕིན་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་པའི་སྔོན་ཏག་ཏག་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་ཧྥི་ལི་ཕིན་སྐར་མ་ཚགས་པར་དང་མཱ་ཉི་ལའི་སྤྱིའི་ཚགས་པར། ཉིན་རེའི་གླེང་སྟེགས་ཚགས་པར་བཅས་ཀྱི་སྟེང་ཁ་ཡིག་ལ་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་འབྲེལ་བའི་མ་འོངས་པ་གསར་པ་མཉམ་དུ་བསྐྲུན་དགོས་ཞེས་པའི་མཚན་བཀོད་རྩོམ་ཡིག་སྤེལ།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཧྥི་ལི་ཕིན་གཉིས་ནི་བར་དུ་རྒྱ་མཚོས་ཆོད་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན། ཙུང་ཐུང་ཏུའུ་ཐི་ཨར་ཐི་ཡིས་འགན་ཁུར་རྗེས། ཀྲུང་གོ་དང་ཧྥི་ལི་ཕིང་གི་འབྲེལ་བར་ཡང་བསྐྱར་གསོན་ཤུགས་ཀྱིས་ཁེངས་ཡོད། ཀྲུང་གོ་ནི་ཧྥི་ལི་ཕིན་གྱི་ཉོ་འཚོང་གི་གྲོགས་པོ་ཆེས་ཆེན་པོ་དང་། ཕྱིར་གཏོང་གི་ཁྲོམ་ར་ཆེས་ཆེན་པོ། ནང་འདྲེན་གྱི་ཡོང་ཁུངས་རྒྱལ་ཁབ་ཆེས་ཆེན་པོ། ཡུལ་སྐོར་པའི་ཡོང་ཁུངས་རྒྱལ་ཁབ་གཉིས་པ་བཅས་ཡིན། ཀྲུང་གོ་དང་ཧྥི་ལི་ཕིན་གྱི་དམངས་ཁྲོད་དངུལ་གཏོང་གི་སྤྲོ་སེམས་ཆེ་རུ་ཕྱིན་ཡོད་པ་དང་། རིག་གནས་ཚོགས་པའི་འགྲོ་འོང་ཡང་ཇེ་ཟབ་ཏུ་སོང་ཡོད། ཀྲུང་གོས་ཧྥི་ལི་ཕིན་གྱིས་དུག་འགོག་དང་འཇིགས་སྐུལ་ངོ་རྒོལ་ཐད་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བརྟན་པོ་བྱེད་ངེས་ཡིན། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་གནོད་འཚེའི་མདུན་ནས་ཕན་ཚུན་ལ་རོགས་རེས་བྱས་ཏེ། ཀྲུང་གོ་དང་ཧྥི་ལི་ཕིན་གྱི་མཛའ་མཐུན་ལོ་རྒྱུས་བརྩམས་ཡོད། དེང་སྐབས་ཐུན་མོང་གི་རེ་སྒུག་དང་ཐུན་མོང་གི་ཕུགས་བསམ་གྱིས་ཀྲུང་གོ་དང་ཧྥི་ལི་ཕིན་རྒྱལ་ཁབ་གཉིས་ཀྱི་མི་དམངས་དམ་དུ་སྦྲེལ་ཡོད། ངའི་ཐེངས་འདིའི་འཚམས་འདྲིའི་དམིགས་ཡུལ་གཙོ་བོ་ནི། ཙུང་ཐུང་ཏུའུ་ཐི་ཨར་ཐི་བར་དུ་གནས་བབ་གསར་པའི་འོག་ཏུ་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་མཐོར་འདེགས་སུ་གཏོང་བར་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་ཏེ། ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ནས་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་འབྲེལ་བ་ཆུ་ཚད་མཐོན་པོས་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་བྱེད་རྒྱུ་དེ་ཡིན། ཀྲུང་གོས་ཧྥི་ལི་ཕིན་གྱིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བ་མཐུན་སྦྱོར་རྒྱལ་ཁབ་ཀྱི་འགན་ནུས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་། ཧྥི་ལི་ཕིན་དང་ལག་རྡང་མཉམ་སྦྲེལ་གྱིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བ་ལེགས་སྒྱུར་རིམ་སྤོར་བྱས་ཏེ། ཨེ་ཤ་ཡ་ཤར་མའི་མཉམ་ལས་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་ངོ་བཞི་བཅུའི་སྔོན་ལ། ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་ཀྱི་རླབས་ཆེན་བྱ་གཞག་སྒྲུབ་འགོ་བརྩམས། ང་ཚོས་བཅོས་སྒྱུར་བྱེད་མཚམས་འཇོག་མི་སྲིད་པ་དང་སྒོ་འབྱེད་བྱེད་མཚམས་ཀྱང་འཇོག་མི་སྲིད། ཀྲུང་གོ་ནི་འགན་ཁུར་བའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། མཉམ་ལས་མཉམ་རྒྱལ་གྱི་འདུ་ཤེས་རྒྱུན་འཁྱོངས་དང་། ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་སོ་སོ་དང་མཉམ་དུ་ཀྲུང་གོའི་ཁྲོམ་རའི་གོ་སྐབས་དང་སྦས་ཤུགས་མཉམ་སྤྱོད་བྱེད་འདོད་ཡོད་ལ། ཧྥི་ལི་ཕིན་དང་རྒྱལ་ཁབ་སྔར་ལས་མང་པོས་ཀྲུང་གོ་འཕེལ་རྒྱས་ཀྱི་ཁེ་ཕན་མཉམ་སྤྱོད་བྱེད་པར་དགའ་བསུ་ཞུ་བཞིན་ཡོད། ང་ཚོས་རྒྱལ་ཁབ་སོ་སོ་དང་མཉམ་དུ། འཛམ་གླིང་ཉོ་འཚོང་རྩ་འཛུགས་སྲོག་ཤིང་ཡིན་པའི་ཕྱོགས་མང་ཉོ་འཚོང་སྒྲིག་སྲོལ་ལ་འགྱུར་མེད་སྲུང་སྐྱོབ་བྱས་ཏེ། རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་སྒྲིག་ལམ་དེ་སྔར་ལས་འདྲ་མཉམ་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ་ཡིན། ང་ཚོས་ཞི་བའི་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་བྱས་ཏེ། དུས་གཏན་དུ་འཛམ་གླིང་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཞི་བདེ་གཏན་འཇགས་ཀྱི་སྐུལ་འདེད་པ་བྱ་རྒྱུ་ཡིན། ཀྲུང་གོས་ཧྥི་ལི་ཕིན་དང་མཉམ་དུ་གོ་སྐབས་དམ་འཛིན་དང་བབ་བསྟུན་མདུན་སྐྱོད་ཀྱིས་ཞི་བདེར་བརྩི་མཐོང་དང་ཡིད་རྟོན་འགྲིག་མཐུན་གྱི་ཨེ་ཤ་ཡའི་གོམས་སྲོལ་འཛིན་སྐྱོང་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་ནས། ལག་རྡང་མཉམ་སྦྲེལ་གྱིས་རྒྱལ་ཁབ་གཉིས་དང་ཨེ་ཤ་ཡ་གླིང་ཆེན་ལ་སྔར་ལས་མཛེས་སྡུག་གི་མ་འོངས་པ་བསྐྲུན་འདོད་ཡོད་ཟེར།