ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམངས་གཉེར་ཁེ་ལས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།
2018.11.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་མཚོ་སྔོན་ཧུའུ་ཀྲུའུ་ནས་ཆང་མ་རྐང་ཚད་ཡོད་ཀུང་ཟི་ནས་འགོ་འཛིན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དམངས་གཉེར་ཁེ་ལས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ཁྲིད་སྟོན་དུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་གཉེར་ཁེ་ལས་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུངས་བཤད་གལ་ཆེན་དང་། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་སྐབས་གསར་བའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་ཐུན་མོང་ལ་གླེང་མོལ་མཛད་སྐབས་ཀྱི་གསུངས་བཤད་གལ་ཆེན། ཀྲུང་གོ་བཟོ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བདུན་པའི་དགོངས་དོན་བཅས་དངོས་འབེབས་དོན་འཁྱོལ་བྱ་རྒྱུ་དང་། ཞིང་ཆེན་ཡོངས་ཀྱི་དམངས་གཉེར་ཁེ་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་བརྒྱུད། དུས་རབས་གསར་བའི་མཚོ་སྔོན་གྱི་ལས་དོན་འཕེལ་རྒྱས་ལ་རྣམ་པ་གསར་བ་བཏོད་དགོས་ཟེར།

བཞུགས་མོལ་ཚོགས་འདུའི་སྟེང་དུ། མཚོ་སྔོན་གྱི་ཀྲུང་གོ་བཟོ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བདུན་པར་ཞུགས་པའི་འཐུས་མི་ལིའུ་ཁྲུན་ཞཱ་དང་། དམངས་གཉེར་ཁེ་ལས་པ་ལི་ཡཱིན་ཧུའེ། ཨེ་ཚོགས་ཆེན། ཆའོ་ཅི་ཧྭ། ཝང་ཐུ་ཧུའུ། ལུའུ་ཁུ། བློ་བཟང་རྒྱལ་མཚན། ཧན་ཏུང་བཅས་ཀྱིས་སྔ་གཞུག་བྱས་ཏེ་གཏམ་བཤད།

ཝང་ཅན་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་དང་ཏང་གི་སྲིད་ཇུས་ལ་སློབ་སྦྱོང་ནན་མོ་བྱ་དགོས། སྲིད་ཇུས་དང་ཇུས་གཞི་ནི་ཏང་གི་ཚེ་སྲོག་ཡིན་ལ། དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་སྲོག་རྩ་ཡང་ཡིན་པས། ཏང་གི་སྲིད་ཇུས་བཟང་བོ་མེད་ན་དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ཀྱང་ཡོད་མི་ཐུབ། ཁེ་ལས་པས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་དང་ཏང་གི་སྲིད་ཇུས་ལ་སློབ་སྦྱོང་བྱེད་པ་དེ་གཙོ་བོར་འཛིན་པ་དང་། ངེས་པར་དུ་བསམ་བློ་དང་མིག་རྒྱང་། སེམས་ཤུགས་ཡོད་ཚད་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་སྟེང་ནས་གཅིག་གྱུར་ཡོང་བར་འབད་དེ། ཏང་གི་སྲིད་ཇུས་ཀྱི་སྙིང་བོ་རྟོགས་པར་བྱ་དགོས་པར་མ་ཟད། ཏང་གི་སྲིད་ཇུས་ལ་ཐོག་མཐའ་བར་གསུམ་ཀུན་ནས་བསྟུན་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཁེ་ལས་པར་ཡོད་འོས་པའི་ཡིད་ཆེས་དང་སྟོབས་ཤུགས་རྒྱུན་འཁྱོངས་གང་ལེགས་བྱ་དགོས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་ལ་བརྟེན་པ་ཡིན་ན། གཞི་ནས་ཀྲུང་གོར་འགྲུབ་མི་ཐུབ་པའི་ལས་དོན་མེད་ལ་སེལ་མི་ཐུབ་པའི་དཀའ་ཁག་ཀྱང་མེད། ཁེ་ལས་ཀྱི་ལས་དོན་གཉེར་བ་ནི་ཚོང་རྒྱག་པ་དང་གོ་སྐབས་འཚོལ་བ། བྱས་རྗེས་འཇོག་པ་བཅས་ཀྱི་ལས་དོན་ཞིག་ཡིན་པས། ཁེ་ལས་པས་ཁེ་ལས་ཀྱི་འཕེལ་རྒྱས་དང་མཚོ་སྔོན་གྱི་འཕེལ་རྒྱས། ཀྲུང་གོའི་མ་འོངས་པ་བཅས་ལ་ཡིད་ཆེས་བརྟན་པོ་བཅངས་དགོས་ཟེར།

ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་གཉེར་ཁེ་ལས་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུངས་བཤད་གལ་ཆེན་དང་། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་སྐབས་གསར་བའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་ཐུན་མོང་ལ་གླེང་མོལ་མཛད་སྐབས་ཀྱི་གསུངས་བཤད་གལ་ཆེན། ཀྲུང་གོ་བཟོ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བདུན་པ་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་ཤར་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཉེའོ་ཁྲུན་ཡོན་དང་། ཧྲིན་ཀྲང་གཞོན་པ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོང་ཡུང་ཐེངས་འདིའི་ཚོགས་འདུར་ཞུགས།