ཞི་ཅིན་ཕིང་མཱ་ཉི་ལར་ཐོན་ནས་ཧྥི་ལི་ཕིན་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་འགོ་བརྩམས།
2018.11.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་ཉི་ཤུ་ཉིན་མཱ་ཉི་ལར་ཐོན་ནས། ཧྥི་ལི་ཕིན་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་འགོ་བརྩམས།

ས་དེའི་སྔ་དྲོའི་དུས་ཚོད་བཅུ་གཅིག་དང་སྐར་མ་ཞེ་ལྔའི་སྟེང་། ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ནས་མཱ་ཉི་ལའི་ཨ་ཅི་ནོ་རྒྱལ་སྤྱིའི་གནམ་གྲུ་ཐང་ལ་ཐོན། ཞི་ཅིན་ཕིང་གནམ་གྲུའི་སྒོ་ནས་བུད་པ་ན། ཧྥི་ལི་ཕིན་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་སྐས་འགྲམ་ནས་སྤྲོ་སེམས་འཁོལ་བའི་ངང་བསུ་མ་བྱས།

ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་ནས་ཧྥི་ལི་ཕིན་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཧྥི་ལི་ཕིན་རྒྱལ་ཁབ་གཉིས་ནི་རི་ཆུ་འབྲེལ་ཞིང་མཛའ་མཐུན་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན། ཙུང་ཐུང་ཏུའུ་ཐི་ཨར་ཐི་ཡིས་སྲིད་དབང་བཟུང་རྗེས། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་པས། ཀྲུང་གོ་དང་ཧྥི་ལི་ཕིན་གྱི་མཛའ་མཐུན་མཉམ་ལས་ཀྱི་སྒོ་ཆེ་རུ་ཕྱེས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་བསྐྲུན་པ་དང་། ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས། དར་རྒྱས་བཅས་ཀྱི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། ཀྲུང་གོ་དང་ཧྥི་ལི་ཕིན་གཉིས་ནི་ཨེ་ཤ་ཡའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་གསར་དར་དཔལ་འབྱོར་ཚོགས་པ་ཡིན་ལ། ཁྱིམ་མཚེས་མཛའ་མཐུན་ནི་རྒྱལ་ཁབ་གཉིས་ཀྱི་ཡང་དག་པའི་གདམ་ག་ཉག་ཅིག་ཡིན འཚམས་འདྲིའི་སྐབས་སུ། ངས་ཧྥི་ལི་ཕིན་གྱི་འགོ་ཁྲིད་པར་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་འབྲེལ་བར་ཤུགས་སྣོན་པ་དང་། མཉམ་དུ་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་བསམ་ཚུལ་བརྗེ་རེས་ཟབ་མོ་བྱེད་རྒྱུ་ཡིན། ཐེངས་འདིའི་འཚམས་འདྲི་བརྒྱུད་ནས་སྲོལ་རྒྱུན་མཛའ་བརྩེ་སྲ་བརྟན་དུ་གཏོང་བ་དང་། གཉིས་ཕན་མཉམ་ལས་ཟབ་སྤེལ་བྱེད་པ། ལག་རྡང་སྦྲེལ་ནས་འཕེལ་རྒྱས་སུ་གཏོང་བ་བཅས་ཀྱི་དམིགས་ཡུལ་ལེགས་འགྲུབ་བྱས་ཏེ། ཀྲུང་གོ་ཧྥི་ལི་ཕིན་གྱི་མཛའ་མཐུན་འབྲེལ་བར་སྒུལ་ཤུགས་ཆེན་པོ་སྣོན་ཐུབ་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཟེར།

ཏེན་ཞུའེ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥེང་སོགས་ཞི་ཅིན་ཕིང་དང་མཉམ་དུ་མཱ་ཉི་ལར་ཐོན།

ཧྥི་ལི་ཕིན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲའོ་ཅན་ཧྭ་ཡང་གནམ་གྲུ་ཐང་དུ་བསུ་མར་ཐོན།