མཚོ་སྔོན་ཞིང་ཆེན་གྱིས་སྤྱིལ་ཁང་གནད་དོན་ཆེད་དོན་འགུལ་སྐྱོད་ཀྱི་བརྙན་འཕྲིན་གསོ་སྦྱོང་ཚོགས་འདུ་བསྡུས།
2018.11.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཟླ11པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱིལ་ཁང་གནད་དོན་གྱི་ཆེད་དོན་གཙང་སེལ་བཅོས་སྐྱོང་འགུལ་སྐྱོད་ཀྱི་བརྙན་འཕྲིན་གསོ་སྦྱོང་ཚོགས་འདུ་ཟི་ལིང་ནས་བསྡུས། ཚོགས་འདུ་ལས་སྤྱིལ་ཁང་གཙང་སེལ་འཐེན་བཤེར་བཅོས་སྐྱོང་དག་ཐེར་བྱེད་ཐབས་དང་སྲིད་ཇུས་ལ་གསོ་སྦྱོང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཞིང་ཕྱུགས་སྡེ་ཁག་དང་རྒྱལ་ཁོངས་ཐོན་ཁུངས་པུའུ་དང་ཁུལ་དང་གྲོང་ཁྱེར། རྫོང་དང་ཆུའུ། ཞང་དང་གྲོང་རྡལ་གྱི་ལས་བྱེད་པ་དང་། རིགས་སོ་སོའི་ཞིང་ལས་གླིང་ཁུལ་དང་སྒྲིག་བཀོད་ཞིང་ལས་རྟེན་གཞིའི་འགན་ཁུར་མི་སྣ་ཚོགས་འདུར་ཞུགས།

རྒྱུས་ལོན་བྱུང་བ་ལྟར་ན། སྤྱིལ་ཁང་གནད་དོན་གྱི་ཆེད་དོན་གཙང་སེལ་བཅོས་སྐྱོང་འགུལ་སྐྱོད་ནི་ཆབ་སྲིད་འགན་འཁྲི་གལ་ཆེན་ཞིག་ཡིན་ལ། མིག་སྔར་བཅོས་སྐྱོང་དག་ཐེར་གྱི་མཐའ་མཇུག་གི་གོ་རིམ་གཙོ་བོར་སླེབས་ཡོད་པས། ཚོགས་འདུ་ལས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོས་བསམ་བློའི་འདུ་ཤེས་མཐོར་འདེགས་བྱེད་པ་དང་། འགན་འཁྲི་དངོས་འབེབས་དང་གཙང་སེལ་འཐེན་བཤེར། བཅོས་སྐྱོང་དག་ཐེར། ལྟ་ཞིབ་ལྟ་སྒྲུབ་དམ་འཛིན་བྱས་ཏེ་གཙང་སེལ་བཅོས་སྐྱོང་འགན་འཁྲི་བདེ་བླག་ངང་ཡོངས་འགྲུབ་བྱེད་དགོས་པའི་རེ་བ་བཏོན།

ཚོགས་འདུ་ལས་བསྟན་དོན། ས་གནས་སོ་སོས་ཆིན་ལིན་གྱི་ཁྲིམས་འགལ་སྤྲོ་ཁང་ལ་གཙང་བཤེར་ལེགས་པོ་མ་བྱས་པའི་བསླབ་བྱ་བསྡུ་ལེན་བྱས་ནས་རྒྱལ་ཁབ་ཟས་རིགས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་མཐོ་ཚད་ནས་འགྲེང་སྟེ། མཐའ་གཅིག་ཏུ་གྲོང་གསེབ་ས་ཞིང་གི་ཚད་མཐའ་དམ་སྲུང་བྱེད་པ་དང་། ཐེངས་འདིའི་ཆེད་དོན་འགུལ་སྐྱོད་དེ་ཆབ་སྲིད་འགན་འཁྲི་ཞིག་ཏུ་བརྩིས་ནས་དམ་འཛིན་དང་ལེགས་འཛིན་བྱེད་དགོས། སྤྱིལ་ཁང་གཙང་སེལ་བཅོས་སྐྱོང་གི་གལ་ཆེན་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཞིང་ཆེན་རིམ་པས་སྤྱི་ཕྱོགས་འཛིན་པ་དང་། ཁུལ་དང་གྲོང་ཁྱེར་གྱིས་འགན་འཁུར་བ། རྫོང་རིམ་པས་དངོས་འབེབས་བྱེད་པ། ཐ་ན་ཞང་དང་གྲོང་རྡལ་དང་། སྡེ་བ་དང་ཚན་ཆུང་གི་འགན་ཁུར་མ་ལག་འཛུགས་སྐྲུན་བྱས་ཏེ། ཏང་ཀྲུང་དབྱང་གི་རིགས་སོ་སོའི་རེ་བ་དང་བཀོད་སྒྲིག་ལག་ལེན་མཐའ་འཁྱོལ་བྱེད་དགོས།

ཚོགས་འདུའི་སྟེང་། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་གཙང་སེལ་བཅོས་སྐྱོང་གི་བྱེད་ཐབས་ལ་དམིགས་པ་དང་། ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཐིན་གྱིས་འབྲེལ་ཡོད་སྲིད་ཇུས་ལ་དམིགས་ནས་གསལ་བཤད་བྱས།