ཝང་ཅན་ཅུན་གྱིས་མཚོ་སྔོན་མི་རིགས་སློབ་ཆེན་ནས་རྒྱལ་ཡོངས་སློབ་གསོ་ཚོགས་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱས།
2018.12.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་མཚོ་སྔོན་མི་རིགས་སློབ་ཆེན་ནས་རྒྱལ་ཡོངས་སློབ་གསོ་ཚོགས་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱས་ཏེ། མཐོ་རིམ་སློབ་ཆེན་གྱི་འཛུགས་སྐྲུན་ལ་བླང་བྱ་བཏོན་པ་དང་། དེང་རབས་སློབ་ཆེན་སློབ་མ་རྣམས་ལ་རེ་བ་བཏོན་ནས་བཤད་རྒྱུར། དུས་རབས་གསར་བའི་འཕེལ་ཕྱོགས་དང་བསྟུན་ནས། ལང་ཚོའི་རྨི་ལམ་མངོན་དུ་འགྱུར་བར་འབད་དགོས་ཤིང་། རྒྱལ་ཁབ་སྟོབས་ལྡན་ཅན་དུ་བསྒྱུར་བའི་འོས་འགན་ཕྲག་སྟེང་དུ་བླངས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་ཚད་ལྡན་ཞིག་དང་རྒྱུན་འཛིན་པ་ཡང་དག་ཅིག་འཁྱོངས་བར་སྒོ་ཀུན་ནས་འབད་འབུངས་ལྷོད་མེད་བྱ་དགོས་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། ཐེངས་འདིའི་རྒྱལ་ཡོངས་སློབ་གསོ་ཚོགས་ཆེན་ནི། ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱལ་ཁ་ཕུ་ཐག་ཆོད་ལེན་པའི་གནད་འགག་དུས་རིམ་ལ་བསྡུས་པའི་ལོ་རྒྱུས་རང་བཞིན་གྱི་གྲོས་ཚོགས་ཤིག་ཡིན་པས། དེས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སློབ་གསོའི་ལས་དོན་ལ་མཐོང་ཆེན་བླ་མེད་གནང་བཞིན་པ་མངོན་པར་མཚོན་པ་ལས་གཞན། སློབ་གསོའི་ལས་དོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་རིམ་ཁྲོད་རྨང་གཞི་རང་བཞིན་དང་མཛུབ་སྟོན་རང་བཞིན། སྤྱི་ཡོངས་ལ་ཁྱབ་པའི་རང་བཞིན་བཅས་ཀྱི་གོ་གནས་ངེས་ཅན་ཟིན་ཡོད་པས། དེར་རང་རྒྱལ་གྱི་སློབ་གསོ་འཕེལ་བའི་ལོ་རྒྱུས་སྟེང་རྡོ་རིང་ལྟ་བུའི་དོན་སྙིང་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་དགོངས་དོན་ལ་གོ་བ་ཡང་དག་འདྲོངས་པར་བྱེད་པ་དང་། ཁྱོན་ཡོངས་ནས་རྒྱལ་ཡོངས་སློབ་གསོ་ཚོགས་ཆེན་གྱི་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱས་ཏེ། ཏང་དང་རྒྱལ་ཁབ། མི་རིགས་བཅས་ཀྱི་མཐོ་ཚད་ནས་འགྲེང་སྟེ་སློབ་གསོའི་ལས་དོན་ལ་མཐོང་ཆེན་གནང་དགོས་པར་མ་ཟད། ལོ་རྒྱུས་དང་དངོས་ཡོད། མ་འོངས་པ་བཅས་ཀྱི་མཐོ་ཚད་ནས་འགྲེང་སྟེ་སློབ་གསོའི་ལས་དོན་འཕེལ་རྒྱས་སུ་གཏོང་དགོས། རྨང་གཞི་དང་འཐབ་ཇུས། མིག་རྒྱང་རིང་བོ་འཛིན་པ་བཅས་ཀྱི་མཐོ་ཚད་ནས་འགྲེང་སྟེ་སློབ་གསོའི་ལས་དོན་བཟང་བོར་བསྒྲུབ་ནས། མཚོ་སྔོན་སློབ་གསོའི་ལས་དོན་ལ་དེང་རབས་ཅན་གྱི་རྣམ་པ་བཏོད་ཐུབ་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་མཐོ་རིམ་སློབ་གསོའི་དེང་རབས་ཅན་གྱི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་བཏང་ནས། ཏང་གི་འགོ་ཁྲིད་ལ་རྒྱུན་འཁྱོངས་ལྷོད་མེད་བྱ་རྒྱུ་དང་། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་པའི་བྱེད་ཕྱོགས་སློབ་གྲྭའི་འཕེལ་རྒྱས་ཀྱི་མགོ་མཇུག་བར་གསུམ་ནས་མངོན་དུ་འཇུག་དགོས། མི་བཟང་བོ་གསོ་སྐྱོང་བྱེད་པ་རྒྱུན་འཁྱོངས་དང་། སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་གསོ་སྐྱོང་བྱ་རྒྱུ་ནི་འོས་འགན་གཙོ་བོར་འཛིན་དགོས། བཅོས་སྒྱུར་གསར་གཏོད་རྒྱུན་འཁྱོངས་དང་། བཅོས་སྒྱུར་གྱི་དགོངས་དོན་དང་བསམ་བློ བྱེད་ཕྱོགས་བཅས་བཀོལ་ནས་ལས་རིམ་ཁག་སོ་སོའི་བྱ་དམ་པོར་འཛིན་དགོས། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་དང་འཇོན་ཐང་མི་སྣའི་ཤེས་ནུས་དང་གསར་གཏོད་ཀྱི་བློ་སྤོབས་སོགས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་སྔོན་འཛུགས་སྐྲུན་ལ་ཞབས་འདེགས་བཟང་བོ་ཞུ་དགོས། ཁྱད་ཆོས་འབུར་ཐོན་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་ནས་རྐང་ཚུགས་པར་བྱེད་པ་དང་མ་འོངས་པར་ཁ་ཕྱོགས་པ། འཛམ་གླིང་ལ་མིག་ཟུང་ཕྱོགས་པ་བཅས་ལ་འབད་མཐར། དེང་རབས་སློབ་ཆེན་དང་སྒོ་འབྱེད་སློབ་ཆེན་བཟང་བོར་གཉེར་དགོས་ཟེར། ཝང་ཅན་ཅུན་གྱིས་ད་དུང་དུས་རབས་གསར་བའི་སློབ་མ་རྣམས་ལ། ཀུན་སྤྱོད་དང་ཤེས་རབ། ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་དགོས་པའི་སྐུལ་ལྕག་གནང་།

ཝང་ཅན་ཅུན་གྱིས་སྒྲོག་འགྲེལ་མ་བྱས་པའི་སྔོན་ལ་སློབ་གྲྭའི་ལོ་རྒྱུས་རྗེས་དྲན་ཁང་དང་བོད་རིག་པ་ཞིབ་འཇུག་གླིང་། མི་རིགས་ཆོས་ལུགས་ཞིབ་འཇུག་གླིང་གི་ཡིག་ཚགས་ཁང་བཅས་སུ་སོང་ནས་ཞིབ་ལྟ་བྱས་པར་མ་ཟད། སློབ་གྲྭའི་འཕེལ་རྒྱས་འཆར་འགོད་ལ་རྒྱུས་ལོན་ཞིབ་མོ་བྱས།

ཝང་ཡུས་པོ་དང་ཡུས་ཚུང་ལི་གཉིས་གོང་གསལ་བྱ་འགུལ་ལ་ཞུགས།