ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧེ་ནས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས།
2018.12.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་བཅུ་གཉིས་པའི་ཚེས་བཅུ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧེ་ནས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ད་ལོའི་དཔལ་འབྱོར་གནས་བབ་དང་སང་ལོའི་དཔལ་འབྱོར་བྱ་བའི་ཐད་ནས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་བསྟན་དོན། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཀྲུང་གུང་ཀྲུང་དབྱང་གིས་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་པ་དང་དཔལ་འབྱོར་བྱ་བར་བཀོད་སྒྲིག་བྱས་པ་དང་གཅིག་གྱུར་བྱས་ཏེ། ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱེད་པ་དང་རང་འགུལ་སྒོས་ཁག་ཁུར་བྱེད་དགོས་ལ། རྒྱ་ཆེའི་ཁོངས་མི་དང་འབྲེལ་འདྲིས་བྱེད་པའི་མང་ཚོགས་ལ་སྣེ་ཁྲིད་བྱས་ཏེ་དཀའ་ཁག་སྣ་ཚོགས་ལས་རྣམ་པར་རྒྱལ་བ་དང་འགྲན་རྩོད་ལ་ཁ་གཏད་འཇལ་བའི་འདུ་ཤེས་དང་ཆོད་སེམས་ཇེ་བརྟན་དུ་བཏང་ནས། རང་རྒྱལ་དཔལ་འབྱོར་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་ཝང་ཧུའུ་ཉིང་། ཧན་ཀྲིན་བཅས་བཞུགས་མོལ་ཚོགས་འདུར་ཞུགས། ལིས་ཁི་ཆང་གིས་ད་ལོའི་དཔལ་འབྱོར་བྱ་བའི་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་བྱས་པར་མ་ཟད་ཀྲུང་གུང་ཀྲུང་དབྱང་གིས་སང་ལོའི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པའི་བསམ་གཞིགས་མཚམས་སྦྱོར་བྱས།

བཞུགས་མོལ་ཚོགས་འདུའི་སྟེང་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མིས་སྔ་གཞུག་ཏུ་གཏམ་བཤད། ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་པར་ཉན་རྗེསགསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཚང་མས་གཏམ་བཤད་སྐབས་ད་ལོར་དཔལ་འབྱོར་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཤིང་། དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་ལ་ངོས་འཛིན་གསལ་བོ་བྱས་པ་དང་སང་ལོའི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ལ་དམིགས་ཡུལ་རང་བཞིན་དང་འཛུགས་སྐྲུན་རང་བཞིན་གྱི་བསམ་འཆར་བཏོན་པས། ང་ཚོས་ནན་ཏན་སྒོས་ཞིབ་འཇུག་དང་ཧུར་ཐག་སྒོས་དང་ལེན་བྱེད་ངེས་ཡིན་ཟེར།

ཞི་ཅིན་ཕིང་གིས་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་ཇུས་འདོན་ནུས་འབུལ་བྱེད་པ་དང་།  ཀྲུང་གུང་ཀྲུང་དབྱང་གི་སང་ལོའི་དཔལ་འབྱོར་བྱ་བའི་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་ལྟར། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ། མཁྲེགས་གཏོར་འཐབ་འཛིང་ཆེན་པོ་གསུམ་གྱི་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་པ་སོགས་གནད་དོན་གལ་ཆེན་ལ་དམིགས་ཏེ། གནས་ཚུལ་དངོས་ལ་ཞིབ་བཤེར་བྱེད་པ་དང་ཇུས་གཞི་བཟང་བོ་འདོན་དགོས། ཚང་མས་དམངས་གཙོ་ལྟ་སྐུལ་འགན་ནུས་ལག་བསྟར་བཟང་བོ་བྱེད་དགོས་པ་དང་ཧུར་ཐག་སྒོས་བློ་འདོན་ཇུས་འབུལ་བྱེད་དགོས། བསམ་བློ་སྣེ་ཁྲིད་བྱ་བ་བཟང་བོར་བསྒྲུབ་པ་དང་རྒྱ་ཆེའི་ཁོངས་མི་དང་འབྲེལ་འདྲིས་བྱེད་པ་དང་མང་ཚོགས་ལ་སྣེ་ཁྲིད་བྱས་ཏེ་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུའི་རིང་ལ་བླངས་པའི་གྲུབ་འབྲས་དང་ཐོབ་པའི་ཉམས་མྱོང་ལ་ངོས་འཛིན་གསལ་བོ་བྱེད་དགོས་པ་དང་། བཅོས་སྒྱུར་འཕེལ་རྒྱས་ཁྲོད་དུ་གནས་པའི་འགལ་བ་དང་དཀའ་ཁག་ལ་ལྟ་ཚུལ་ཡང་དག་པ་འཛིན་པ། བློ་བརྟན་འགྱུར་མེད་སྒོས་བཅོས་སྒྱུར་མཐའ་འཁྱོལ་བར་བྱེད་དགོས། ཏང་དང་སྲིད་གཞུང་གིས་འབྲེལ་བ་མཐུན་སྦྱོར་བྱེད་པ་དང་འགལ་བ་ཞི་འཇགས་སུ་གཏོང་བའི་བྱ་བ་བཟང་བོར་བསྒྲུབ་པར་རོགས་འདེགས་བྱེད་པ་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བར་སྲུང་སྐྱོབ་བྱས་ནས། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་བོ་ཞིག་གསར་སྐྲུན་བྱེད་དགོས་པའི་ཐུགས་རེ་བཏོན།