རྡོ་རྗེ་རབ་བརྟན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་རྒྱ་སྐྱེད་གྲོས་ཚོགས་བསྡུས།
2019.01.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

ཟླ་དང་པོའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་རྒྱ་སྐྱེད་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་བརྒྱུད་སྒྲོག་དང་དེར་སློབ་སྦྱོང་མཐར་ཕྱིན་བྱས་པར་མ་ཟད། སྲིད་གྲོས་བྱ་བ་དངོས་དང་ཟུང་དུ་སྦྲེལ་ནས་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས།

གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཉིས་སྟོང་བཅོ་བརྒྱད་ལོའི་ཞིང་ཆེན་ཡོངས་ཀྱི་བྱ་བར་སྤྱི་སྡོམ་མཛད་པར་མ་ཟད། ཉིས་སྟོང་བཅུ་དགུ་ལོའི་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས་པ་ལས་གཞན། བཏོན་པའི་བསམ་ཕྱོགས་དང་བྱེད་ཕྱོགས་ཚང་མ་ཀྲུང་དབྱང་གི་དགོངས་དོན་དང་མཚོ་སྔོན་གྱི་ད་ཡོད་གནས་ཚུལ་དངོས་དང་མཐུན་པས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་དངོས་འབེབས་མཐར་ཕྱིན་བྱས་པས། ལྔ་བཞི་འཐབ་ཇུས་གཏིང་ཟབ་དུ་སྤེལ་བ་དང་། ཧུར་བརྩོན་ཆེན་པོས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བ། མཚོ་སྔོན་གསར་བ་མགྱོགས་མྱུར་ངང་བསྐྲུན་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཟེར།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་སྲིད་གཞུང་གི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དངོས་འབེབས་མཐར་ཕྱིན་བྱེད་རྒྱུ་ཆབ་སྲིད་ཀྱི་འོས་འགན་གཙོ་བོར་བརྩི་དགོས་ཤིང་། ཞིང་ཆེན་ཏང་ཨུས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དང་ཏང་གི་ཚོགས་ཆེ་ཐེངས་བཅུ་དགུ་བའི་དགོངས་དོན་ལ་གོ་བ་ཡང་དག་འདྲོངས་པར་བྱེད་པ་དང་།  ལས་དོན་འབད་པས་བསྒྲུབ་པ། ཞིང་ཆེན་ཡོངས་ཀྱི་ལས་རིམ་ཁག་སོ་སོས་གྲུབ་འབྲས་གསར་བ་ལེན་པ་དང་ཉམས་མྱོང་ཆེན་པོ་གསོག་པ། ཞིང་ཆེན་ཏང་ཨུའི་མིག་སྔའི་གནས་སྟངས་ལ་བརྡར་ཤ་ཡང་དག་གཅོད་པ་དང་། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཛུབ་སྟོན་ཡང་དག་བྱེད་པ། སྤྱིའི་བླང་བྱ་དང་སྔོན་དཔག་དམིགས་འབེན་བཅས་ལ་གོ་བ་མ་ནོར་བ་ལེན་དགོས། ཚང་འཛོམས་གྲོས་ཚོགས་ཀྱིས་གཏན་འབེབས་བཟོས་པའི་ད་ལོའི་ཏང་གི་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བཅས་ཀྱི་འོས་འགན་དང་བྱེད་ཐབས་གཙོ་བོར་གོ་བ་ཡང་དག་བླངས་ནས། བསམ་བློ་དང་ལག་ལེན་གཉིས་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་ནས་གཅིག་གྱུར་ཡོང་བར་བྱེད་དགོས་ཟེར། 

ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི་ཝང་ཞའོ་ཡུང་དང་ཀྲང་ཧྲིག་ཁྲིན། ཏུའུ་ཅེ། མཱ་ཧེ་དབྱིན། ཝང་ཅིན་བཅས་ཚོགས་འདུར་ཞུགས། ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཏུའུ་ཏི་ཀྲི། འབྲེལ་ཡོད་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པ་བཅས་ཟུར་ཞུགས་བྱས།