ཧན་ཀྲིན་གྱིས་འཇར་མན་གྱི་ཙུང་ལི་གཞོན་པའི་ཞོར་དུ་ནོར་སྲིད་པུའུ་ཀྲང་གི་འགན་འཁུར་མཁན་ཞོ་ཨར་ཚིས་ལ་མཇལ་འཕྲད་གནང་།
2019.01.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ་དང་པོའི་ཚེས་བཅུ་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཀྲུང་གོ་དང་འཇར་མན་མཐོ་རིམ་ནོར་དངུལ་གྲོས་མོལ་ཐེངས་གཉིས་པར་ཞུགས་པའི་འཇར་མན་གྱི་ཙུང་ལི་གཞོན་པའི་ཞོར་དུ་ནོར་སྲིད་པུའུ་ཀྲང་གི་འགན་འཁུར་མཁན་ཞོ་ཨར་ཚིས་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་གསུང་རྒྱུར། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་མགྱོགས་ཤིང་ལྷག་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིས་སྟོང་བཅུ་བཞི་ལོར་འཇར་མན་ལ་རྒྱལ་དོན་འཚམས་འདྲི་མཛད་དེ་ཕྱོགས་གཉིས་ཀྱིས་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གཏན་འཁེལ་བྱས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགོ་ཁྲིད་པའི་འགྲོ་འོང་དང་འབྲེལ་འདྲིས་ཇེ་མང་དུ་སོང་ཞིང་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གྱུར་བ་དང་དངོས་གཉེར་མཉམ་ལས་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་འཇར་མན་མཐོ་རིམ་ནོར་དངུལ་གྲོས་མོལ་རྐྱེན་སྲོལ་བཀོལ་སྤྱོད་བཟང་བོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་ལ། ཕྱོགས་མང་རིང་ལུགས་དང་སྒྲིག་སྲོལ་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་མཉམ་སྲུང་བྱས་ཏེ། དེང་སྐབས་འཛམ་གླིང་སྟེང་གཉིས་ཕན་མཉམ་རྒྱལ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་དཔེ་སྟོན་དང་སྣེ་ཁྲིད་མཁན་དུ་འགྱུར་བར་བྱེད་དགོས་ཟེར།

ཞོ་ཨར་ཚིས་ཀྱིས་བཤད་རྒྱུར། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་འཇར་མན་དང་ཀྲུང་གོས་གྲོས་མོལ་བྱས་པའི་གྲུབ་འབྲས་དངོས་འབེབས་བཟང་བོ་བྱེད་པ་དང་། ཕྱོགས་མང་ཉོ་ཚོང་མ་ལག་མཉམ་སྲུང་བྱས་ནས་འཛམ་གླིང་དཔལ་འབྱོར་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།