ལིས་ཁི་ཆང་གིས་ནང་སོག་ཏུ་གཟིགས་ཞིབ་མཛད། 
2019.02.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 118

ལིས་ཁི་ཆང་གིས་ནང་སོག་ཏུ་གཟིགས་ཞིབ་མཛད། 

ལིས་ཁི་ཆང་གིས་ནང་སོག་ཏུ་གཟིགས་ཞིབ་མཛད། 

ཟླ་གཉིས་པའི་ཚེས་གཅིག་ཉིན་ནས་ཚེས་གཉིས་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ནང་སོག་རང་སྐྱོང་ལྗོངས་ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་དུ་གཟིགས་ཞིབ་མཛད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱེད་པར་རྒྱུན་འཁྱོངས་བྱས་ཤིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དངོས་འབེབ་བྱས་ཏེ། བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཡར་སྐུལ་བཏང་ནས། རྒྱུན་ཆད་མེད་པར་དམངས་འཚོའི་དཀའ་གནད་ཐག་གཅོད་བྱེད་དགོས་པ་ནན་བཤད་མཛད། 

ལིས་ཁི་ཆང་ཧྲི་ཨར་ཀྲིག་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་དུ་ཕེབས་ཏེ་ལོ་གསར་གྱི་ལེགས་སྐྱེས་དང་སྨོན་འདུན་བསྐྱལ། ཡུལ་མི་རྣམས་ཀྱིས་ཙུང་ལི་ལ་བསྲེག་མ་ཐག་པའི་ས་གནས་ཞོག་ཁོག་གི་བྲོ་བ་མྱང་དུ་བཅུག་པ་དང་། ལིས་ཁི་ཆང་གིས་ཞོག་ཁོག་གི་སྤུས་ཚད་བཟང་བར་བསྟོད་བསྔགས་མཛད། ཁོང་གིས་མཉམ་དུ་ཡོང་བའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བར་གསུང་དོན། ཞོག་ཁོག་ཁ་ཟས་གཙོ་བོར་བྱེད་པར་མདུན་ལམ་ཆེན་པོ་ཡོད་པ་དང་། རང་རྒྱལ་གྱི་ཟོར་དབྱིབས་ས་ཁུལ་གྱི་མ་རྨོས་ལོ་ཏོག་གི་འདེབས་འཛུགས་རྒྱ་ཁྱོན་ཇེ་ཉུང་དུ་བཏང་བ་དང་ཟུང་འབྲེལ་བྱས་ཏེ། ཞིང་བས་སྤུས་ལེགས་ཞོག་ཁོག་གི་འདེབས་འཛུགས་རྒྱ་བསྐྱེད་པ་དང་། ཐོན་ལས་ཆེན་མོར་འཕེལ་རྒྱས་སུ་བཏང་ནས་དབུལ་ཐར་མཁྲེགས་གཏོར་ལ་རོགས་འདེགས་བྱ་དགོས་པའི་སྐུལ་མ་བཏང་། ལོ་གསར་སྐབས་རང་ཁྱིམ་དུ་ལོག་པའི་བྱིས་སྐྱོང་དགེ་རྒན་གྱིས་འཛིན་ཡིག་ལེན་དགོས་པས་ལས་ཞུགས་དཀའ་ཁག་ཇེ་ཆེར་སོང་ཡོད་པ་ཡར་ཞུ་བྱེད་པ་ཐོས་རྗེས། ལིས་ཁི་ཆང་གིས་གསུང་དོན། ད་ལྟ་བྱིས་སྐྱོང་དགེ་རྒན་དཀོན་པ་དང་། ཆེད་ལས་སློབ་སྦྱོང་བྱས་པའི་བྱིས་སྐྱོང་དགེ་རྒན་གྱི་ལུགས་མཐུན་མིན་པའི་ཐོབ་ཐང་རེ་བ་ཇེ་ཉུང་དུ་བཏང་སྟེ། ཁོ་ཚོའི་ལས་ཞུགས་ལ་སྔར་ལས་བཟང་བའི་ཆ་རྐྱེན་བསྐྲུན་དགོས་པ་ནན་གྱིས་བསྟན། 

ཞིང་ཞོར་ཐོན་རྫས་ཉོ་ཚོང་ཚོང་ར་ནས་ལིས་ཁི་ཆང་གིས་ཚོང་བ་རྣམས་ཀྱི་ཚོང་ལས་དར་རྒྱས་ཡོང་བའི་སྨོན་འདུན་ཞུས། ལུག་ཤ་དང་སྐམ་ཤའི་རིན་གོང་ཇེ་མཐོར་སོང་རྗེས་ཕྱིར་འཚོང་གི་ཚད་ཇེ་ཉུང་དུ་སོང་བའི་གནས་ཚུལ་ཐོས་རྗེས། ཁོང་གིས་གསུང་དོན། དེ་ལས་མང་ཚོགས་ཀྱིས་དངོས་གོང་ལ་དོ་སྣང་བྱེད་བཞིན་པ་མཚོན་ཐུབ་ལ། ཧུར་ཐག་སྒོས་སྡོད་དམངས་ཀྱི་ཡོང་འབབ་འཕར་སྣོན་དེ་དངོས་གོང་གི་འཕར་ཚད་ལས་མཐོ་རུ་བཅུག་ནས་མང་ཚོགས་ལ་འཛད་སྤྱོད་མང་དུ་བྱེད་དུ་འཇུག་དགོས་པར་བསྟན། ཁོང་གིས་ཚོང་བ་དག་ལ་ཁྲལ་དངུལ་གྱི་གནས་ཚུལ་དྲིས་པ་དང་། ཁོ་ཚོས་ཟས་རིགས་ཀྱི་རྒྱུ་སྤུས་དང་བདེ་འཇགས་ལ་ཁག་ཐེག་བྱ་དགོས་པའི་སྐུལ་མ་བཏང་། ཁོང་གིས་ད་རུང་ལོ་གསར་གྱི་ཉོ་བཅའ་བྱེད་པའི་མང་ཚོགས་དང་གླེང་མོལ་བྱས་ཏེ། རྒན་གསོའི་མ་དངུལ་དུས་ལྟར་ལེན་ཐུབ་མིན་ལ་རྒྱུས་ལོན་བྱས་པ་དང་། བྱིས་པ་ཁྲིད་པའི་མང་ཚོགས་ཀྱི་བྱིས་པ་བྱིས་སྐྱོང་ཁང་གང་དུ་འགྲོ་བཞིན་དང་སློབ་ཡོན་ག་ཚོད་ཡིན་པ་དྲིས། ཁོང་གིས་གཞུང་བཙུགས་དང་སྒེར་བཙུགས་ཀྱི་བྱིས་སྐྱོང་མཁན་གང་ཡིན་ཡང་། སྡོད་དམངས་ལ་སྟབས་བདེ་བ་དང་། སློབ་ཡོན་མང་ཚོགས་ཀྱིས་དང་ལེན་བྱེད་ཐུབ་པ། ཁྱིམ་བདག་གི་སེམས་བདེ་བ་ཞིག་ཡིན་ན་སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་སྲིད་པའི་ཚུལ་བསྟན། 

ལིས་ཁི་ཆང་མེ་འཁོར་ས་ཚིགས་སུ་ཕེབས་ཏེ་ལུགས་རྙིང་ལོ་གསར་སྐབས་ཀྱི་འགྲུལ་སྐྱེལ་འགན་སྲུང་བྱ་བར་རྟོག་ཞིབ་མཛད། འགྲུལ་བ་དག་གིས་སྤྲོ་དགའི་ངང་ནས་ལང་ལོང་སྒོས་ཙུང་ལི་ལ་འཚམས་འདྲི་ཞུས། ལིས་ཁི་ཆང་གིས་ཞིང་བ་ལས་བཟོ་བས་ཟླ་ཕོགས་ལོན་མིན་དང་གནམ་ལོ་ཚེས་རྗེས་ཞོར་ལས་སུ་འགྲོ་བར་ཁག་ཐེག་ཡོད་མེད་དྲིས། མེ་འཁོར་ས་ཚིགས་ཉེར་དྲུག་བརྒྱུད་དགོས་པ་ཐོས་རྗེས་ལིས་ཁི་ཆང་གིས་གསུང་དོན། ང་ཚོས་མུ་མཐུད་དུ་མྱུར་བགྲོད་མེ་འཁོར་འཕེལ་རྒྱས་སུ་གཏོང་དགོས་པར་མ་ཟད། ས་ཚིགས་མང་བོར་སྡོད་པ་དང་རིན་གོང་དམའ་བའི་མེ་འཁོར་གྱིས་མང་ཚོགས་ཀྱི་དགོས་མཁོ་མི་འདྲ་བ་བསྐང་དགོས་པར་བསྟན། ལིས་ཁི་ཆང་གིས་ད་རུང་ནང་སོག་གི་མྱུར་བགྲོད་མེ་འཁོར་གྱི་འཛུགས་སྐྲུན་འཆར་གཞིར་ཉན་པ་དང་། འབྲེལ་ཡོད་སྡེ་ཁག་གིས་རྒྱབ་སྐྱོར་བྱ་དགོས་པའི་རེ་བ་བཏོན་པར་མ་ཟད། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་དང་དམངས་འཚོ་ལེགས་བཅོས་བྱ་དགོས་ཟེར། 

བོ་ལུང་རི་བོའི་ཁང་རྙིང་ས་ཁུལ་ནས་སྡོད་དམངས་དག་གིས་ཙུང་ལི་ལ་ཁང་རྙིང་ལས་བུད་དེ་ཐོག་ཁང་དུ་སྡོད་པའི་རེ་འདུན་དྲག་པོ་ཡོད་པའི་ཚུལ་བསྟན། ལིས་ཁི་ཆང་གིས་གསུང་དོན། སྡོད་ཁང་ནི་དམངས་འཚོའི་དགོས་མཁོ་ཡིན་པས་སྲིད་གཞུང་དང་སྡོད་དམངས་ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་ཏེ། ཁང་རྙིང་ས་ཁུལ་མྱུར་མོར་ལེགས་བཅོས་བྱས་ནས་སྡོད་ཁང་ལ་དཀའ་ཁག་ཡོད་པའི་མང་ཚོགས་རྣམས་སྡོད་ཁང་གསར་བར་སྡོད་དུ་འཇུག་དགོས་ཟེར། ཁོང་གིས་ས་གནས་འགན་ཁུར་བས་ཁང་རྙིང་ས་ཁུལ་གྱི་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་དང་མ་མཐའི་འཚོ་བའི་འགན་སྲུང་གནས་ཚུལ་ལ་རྟོག་ཞིབ་གསལ་བོ་བྱས་ཏེ་ཁོ་ཚོའི་གཞི་རྩའི་འཚོ་བར་འགན་སྲུང་བྱ་དགོས་པའི་རེ་བ་བཏོན། 

ལིས་ཁི་ཆང་དྲོད་འདོན་ཀུང་ཟིར་ཕེབས་ཏེ་དགུན་ཁའི་དྲོད་འདོན་ནི་བྱང་ཕྱོགས་ས་ཁུལ་གྱི་གཞི་རྩའི་དམངས་འཚོ་ཡིན་པ་ནན་བཤད་མཛད། ཁོང་གིས་ལས་བྱེད་མི་སྣ་དག་གིས་ལུགས་རྙིང་ལོ་གསར་སྐབས་སུ་ལས་གནས་གཏན་སྲུང་དང་དཀའ་སྤྱད་འབད་བརྩོན་བྱས་ཏེ། ཁྱིམ་ཚང་ཁྲི་སྟོང་མང་བོར་དྲོད་ཁོད་བསྐྱལ་བར་བཀའ་དྲིན་ཞུས། 

ལིས་ཁི་ཆང་གིས་ནང་སོག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པ་དང་། བློ་མཐུན་ཞི་ཅི་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་དབུལ་ཐར་མཁྲེགས་གཏོར་བྱེད་པ། མི་རིགས་མཐུན་སྒྲིལ་ཡོང་ནས་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་ལེན་དགོས་པའི་ཐུགས་རེ་བཏོན།