རྨ་ལྷོ་ཁུལ་གྱིས་ནོར་སྲིད་ཀྱི་རོགས་སྐྱོར་ཕྲན་ཙམ་ལ་བརྟེན་ནས་དམངས་ཚིས་ལེགས་བཅོས་བྱེད་པར་བྱ་བ་གང་མང་བསྒྲུབས།
2019.02.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

ཉིས་སྟོང་བཅོ་བརྒྱད་ལོར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དུས་དང་རྣམ་པ་ཀུན་ཏུ་ནོར་སྲིད་ཀྱི་རོགས་སྐྱོར་ཕྲན་ཙམ་ལ་བརྟེན་ནས་དམངས་ཚིས་དོན་ཆེན་སྒྲུབ་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་པ་དང་། མང་ཚོགས་ཀྱིས་ཆེས་སེམས་ཁུར་དང་ཆེས་ཐད་ཀར་ཡིན་པ། ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ལ་རྐང་བཙུགས་ཏེ། རྒྱུན་མཐུད་སྒོས་དམངས་ཚིས་དངུལ་གཏོང་ཤུགས་ཚད་ཇེ་ཆེར་བཏང་ཞིང་དམངས་ཚིས་འགན་སྲུང་ཁྱབ་ཁོངས་སྔར་ལས་ཇེ་ཆེར་སོང་བ་དང་། འགན་སྲུང་ཆུ་ཚད་སྔར་ལས་ཇེ་མཐོར་སོང་བས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སྣང་རྒྱུན་མཐུད་སྒོས་ཇེ་དྲག་ཏུ་གྱུར།

ཉིས་སྟོང་བཅོ་བརྒྱད་ལོར་རྨ་ལྷོ་ཁུལ་གྱིས་ལོ་བཅོ་ལྔར་སློབ་རིན་མི་ལེན་པའི་སློབ་གསོའི་སྲིད་ཇུས་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། ལས་རིགས་སློབ་གསོའི་ཁྱད་ཆོས་འཛུགས་སྐྲུན་ལ་མྱུར་དུ་སྐུལ་འདེད་བཏང་བ་དང་གྲོང་གསེབ་སློབ་གསོ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས་བྱས་ཤིང་སློབ་སྔོན་སློབ་གསོའི་ལོ་གསུམ་འགུལ་སྐྱོད་འཆར་གཞི་ལ་རྒྱབ་སྐྱོར་བྱས་པ་དང་། ཧུར་ཐག་སྒོས་ཀྲུང་དབྱང་གི་ཆུས་གསུམ་དང་ཁུལ་གསུམ་གྱི་སྲིད་ཇུས་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ། སློབ་གསོའི་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་བཏང་། ལོ་ཧྲིལ་བོར་བསྡོམས་པས་སློབ་གསོའི་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་ལྷག་དངོས་འབེབས་བྱས་པ་དང་དེ་སྔོན་ལོ་དང་བསྡུར་དང་བརྒྱ་ཆའི་བཅུ་གསུམ་འཕར་སྣོན་བྱུང་།

ཉིས་སྟོང་བཅོ་བརྒྱད་ལོར་རྨ་ལྷོ་ཁུལ་གྱིས་སྔར་ཡོད་ཀྱི་རྨང་གཞིའི་སྟེང་མུ་མཐུད་དུ་ཁང་རྙིང་སྒྱུར་བཀོད་དང་གཞིས་ཁུལ་རྙིང་བར་ཕྱོགས་བསྡུས་སྒོས་སྒྱུར་བཀོད་བྱས་པ་དང་ཞིང་སྡེ་ཡི་ཉེན་ཁང་སྒྱུར་བཀོད་བཟོ་སྐྲུན་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་འདུག་ཁང་ཆུ་ཚད་ཇེ་མཐོར་བཏང་བར་མ་ཟད། ལོ་ཧྲིལ་བོར་བསྡོམས་པས་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་མ་དངུལ་དུང་ཕྱུར་གསུམ་ལྷག་དངོས་འབེབས་བྱས།