ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་ཁྱབ་སྟེང་མིང་བཀོད་ནས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དོན་སྦྱོང་བརྡར་ལྟ་ཞིབ་ཀྱི་ཚོད་ལྟའི་ལག་ལེན་སྲོལ་ཡིག་བསྒྲགས།
2019.02.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་བཀའ་ཁྱབ་སྟེང་མིང་བཀོད་ནས། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དོན་སྦྱོང་བརྡར་ལྟ་ཞིབ་ཀྱི་ཚོད་ལྟའི་ལག་ལེན་སྲོལ་ཡིག་བསྒྲགས། དེ་ཉིས་སྟོང་བཅུ་དགུ་ལོའི་ཟླ་གསུམ་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

སྲོལ་ཡིག་དེ་ནི་ང་ཚོའི་དམག་དཔུང་གི་དམག་དོན་སྦྱོང་བརྡར་ལྟ་ཞིབ་ཁྱབ་ཁོངས་ཀྱི་ཁྲིམས་སྲོལ་ཐོག་མ་ཡིན་ལ། དེས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་བ་དང་། ཞི་ཅིན་ཕིང་གི་དམག་སྐྱེད་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཏང་གི་དུས་རབས་གསར་པའི་དམག་སྐྱེད་དམིགས་འབེན་མངོན་འགྱུར་བྱེད་པ་དང་། འཛམ་གླིང་གི་རྩེ་གྲས་དམག་དཔུང་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་དང་དམག་དཔུང་བཅོས་སྐྱོང་ནན་མོ་བྱེད་པའི་ཏང་འཛུགས་དམག་སྐྱོང་གི་གཞི་རྩའི་ཇུས་གཞི་དེ་དངོས་འབེབས་ནན་མོ་བྱེད་པ། འཐབ་འཛིང་ནུས་ཤུགས་ཞེས་པའི་རྩ་བའི་ཚད་གཞི་གཅིག་པུ་བརྟན་པོར་འཛུགས་པ། དམག་འཁྲུག་གྲ་སྒྲིག་དང་དམག་འཁྲུག་རྒྱག་པར་དམ་དུ་དམིགས་པ། དམག་དོན་སྦྱོང་བརྡར་ལྟ་ཞིབ་ཀྱི་རྩ་འཛུགས་མ་ལག་འཐུས་ཚང་དུ་འཛུགས་པ། བྱ་བའི་འཁོར་སྐྱོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། འཐབ་འཛིང་དངོས་དང་མི་མཐུན་པའི་བྱེད་ཐབས་མཐའ་གཅིག་ཏུ་བཅོས་སྐྱོང་བྱེད་པ་བཅས་བྱས་ཏེ། དམག་དོན་སྦྱོང་བརྡར་ཁྱབ་ཁོངས་ལ་གཞི་འཛིན་སའི་ཁྲིམས་ཡོད་པ་དང་། ཁྲིམས་འཛིན་ནན་མོ་ཡིན་པ། ཁྲིམས་དང་འགལ་ན་རྩད་གཅོད་པ་བཅས་ཀྱི་ལམ་ལུགས་དང་སྒྲིག་ལམ་བཙུགས་ཡོད། དེ་གནས་བབ་གསར་པའི་འོག་ཏུ་དམག་དོན་སྦྱོང་བརྡར་འཐབ་ཇུས་ཀྱི་གོ་གནས་སྲ་བརྟན་དུ་གཏོང་བ་དང་། དམག་དོན་སྦྱོང་བརྡར་གྱི་དོ་དམ་ལ་ཤུགས་སྣོན་པ། དམག་དོན་སྦྱོང་བརྡར་གྱི་དངོས་འབེབས་ལ་ཡར་སྐུལ་བྱེད་པ། འཐབ་འཛིང་དངོས་ཀྱི་དམག་དོན་སྦྱོང་བརྡར་ཟབ་སྤེལ་བྱེད་པ་བཅས་བྱས་ཏེ། དུས་རབས་གསར་པའི་དམག་འཁྲུག་གྲ་སྒྲིག་དང་དམག་འཁྲུག་རྒྱག་པའི་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན།

སྲོལ་ཡིག་ལ་བསྡོམས་པས་ལེའུ་བཅུ་ཐམ་པ་དང་དོན་ཚན་རེ་གཅིག་ཡོད། དེས་དམག་དོན་སྦྱོང་བརྡར་ལྟ་ཞིབ་ཀྱི་འགན་དབང་དང་བྱ་བའི་གཙོ་གནད་གཏན་ཁེལ་གསལ་པོ་བྱས་པ་དང་། དམག་དོན་སྦྱོང་བརྡར་ལྟ་ཞིབ་ཀྱི་ཐབས་ཤེས་ཐབས་ལམ་དང་བརྒྱུད་རིམ་གོ་རིམ་ཚད་ལྡན་དུ་བཏང་ལ། དམག་དོན་སྦྱོང་བརྡར་གྱི་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོར་ཁེབས་པ་དང་། དམག་དོན་སྦྱོང་བརྡར་གྱི་བརྒྱུད་རིམ་ཡོངས་ལ་ཁྱབ་པའི་དམག་དོན་སྦྱོང་བརྡར་ལྟ་ཞིབ་ཀྱི་རྩ་འཛུགས་འཁོར་སྐྱོད་རྣམ་པ་བསྐྲུན་ཡོད། སྲོལ་ཡིག་གིས་ཏང་གི་སྒྲིག་ཁྲིམས་དང་དམག་གི་སྒྲིག་ལམ་གཞིར་བཟུང་ནས་དམག་དོན་སྦྱོང་བརྡར་ཐད་ཀྱི་སྒྲིག་ལམ་དང་སྒྲིག་ཁྲིམས་ལ་འགལ་བའི་གནད་དོན་ངོས་འཛིན་གྱི་ཚད་གཞི་ཇེ་ཞིབ་ཏུ་བཏང་ནས། དབང་ཆ་ཡོད་ན་འགན་ཁུར་ཡོད་པ་དང་། འགན་ཁུར་ཡོད་ན་ཁག་ཁུར་ཡོད་པ། འགན་ཤོར་བྱུང་ན་རྩད་གཅོད་བྱེད་པ་བཅས་ཀྱི་ཁྲིད་ཕྱོགས་གསལ་པོ་ཞིག་ཆགས་པར་བྱས་ལ། དམག་ཡོངས་ཀྱིས་སྦྱོང་བརྡར་དང་དངོས་འཐབ་གཞི་གཅིག་ཅན་དུ་བསྟུད་མར་སྤེལ་བ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་སྦྱོང་བརྡར་གྱི་སྤྱོད་ཚུལ་འཛུགས་སྐྲུན་དམ་འཛིན་བཟང་པོ་བྱེད་པར་ལྟ་སྐུལ་ཁྲིད་སྟོན་བྱས་ཏེ། དམག་འཁྲུག་གྲ་སྒྲིག་དང་དམག་འཁྲུག་རྒྱག་པའི་བྱ་བ་དམ་འཛིན་དངོས་འཛིན་བྱེད་པར་ལམ་ལུགས་ཀྱི་ཁེག་ཐེག་སྟོབས་ཅན་འདོན་སྤྲོད་བྱས་ཡོད།