ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་མངགས་ཕོ་ཉས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པའི་ཞོར་དུ་ཙུང་ལིའི་འགན་ཁུར་མཁན་མུའུ་ཧན་མོ་ཏི་ལ་ཐུག་འཕྲད་བྱས།
2019.02.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སྲིད་གཞུང་གིས་གདན་དྲངས་པ་ལྟར། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་མངགས་ཕོ་ཉ། ཚན་རྩལ་པུའུ་ཡི་པུའུ་ཀྲང་ཝང་ཀྲི་ཀང་ཟླ་གཉིས་པའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གཅིག་ཉིན་བར་ཏིས་པད་ནས་འཛམ་གླིང་གི་སྲིད་གཞུང་མཐོ་རིམ་ཚོགས་འདུ་སྐབས་བདུན་པའི་འབྲེལ་ཡོད་བྱ་འགུལ་ལ་ཞུགས་པར་མ་ཟད། ཚེས་བཅུ་ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པའི་ཞོར་དུ་ཙུང་ལིའི་འགན་ཁུར་མཁན། ཏིས་པད་ཀྱི་ཚོ་དཔོན་མུའུ་ཧན་མོ་ཏི་ལ་ཐུག་འཕྲད་བྱས།

ཝང་ཀྲི་ཀང་གིས་མུའུ་ཧན་མོ་ཏི་ལ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཁི་ཆང་རྣམ་གཉིས་ཀྱི་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་བསྒྲགས་བྱས། ཝང་ཀྲི་ཀང་གིས་བསྟན་དོན། ཀྲུང་གོས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དེ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་སྤེལ་བའི་མཉམ་ལས་ཀྱི་གྲོགས་པོ་གལ་ཆེན་དུ་བརྩིས་ཡོད་ལ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་མཉམ་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་འཚམས་འདྲི་མཛད་པའི་གྲུབ་འབྲས་གལ་ཆེན་དངོས་འབེབས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཚན་རྩལ་གསར་གཏོད་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད་ཟེར།

མུའུ་ཧན་མོ་ཏི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་གི་སྲིད་གཞུང་མཐོ་རིམ་གྲོས་ཚོགས་ལ་ཆེད་དུ་ཕོ་ཉ་མངགས་པར་བཀའ་དྲིན་ཞུས་པ་དང་། ཝང་ཀྲི་ཀང་བརྒྱུད་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཁི་ཆང་རྣམ་གཉིས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས། མུའུ་ཧན་མོ་ཏི་ཡིས་བསྟན་དོན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་གོང་འཕེལ་དུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། ཚན་རྩལ་སོགས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་རེ་སྒུག་བྱས་ཡོད་ཟེར།