ཧན་ཀྲིན་གྱིས་འགོ་འཛིན་མཛད་ནས་ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།
2019.02.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 74

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཚེས་བཅུ་གསུམ་ཉིན་འགོ་འཛིན་མཛད་ནས་ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཚེས་བཅུ་གསུམ་ཉིན་འགོ་འཛིན་མཛད་ནས་ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱ་བའི་འཕེལ་རིམ་གནས་ཚུལ་གྱི་ཡར་ཞུ་ལ་ཉན་པ་དང་། དུས་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་གནང་།

ཧན་ཀྲིན་གྱིས་བསྟན་དོན། སྐྱེ་དངོས་སྣ་མང་རང་བཞིན་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་ཀྱི་རྨང་གཞི་ཡིན། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ལ་ཤུགས་སྣོན་པ་ནི། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཡིན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ཤེས་གལ་ཆེན་ཡིན། རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱ་བར་ཕན་འབྲས་མངོན་གསལ་ཐོབ་ཡོད་མོད། ཡིན་ནའང་སྐྱེ་དངོས་སྣ་མང་གི་ཚད་ཇེ་དམའ་རུ་འགྲོ་བའི་སྤྱིའི་གནས་བབ་ལ་ཕན་ནུས་ལྡན་པའི་བཀག་འགོག་ཐེབས་མེད་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་གསར་སྤེལ་འཛུགས་སྐྲུན་བྱ་འགུལ་བར་གྱི་འགལ་བ་སྔར་བཞིན་གནས་པས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱས་ཏེ། འགན་འཁྲིའི་འདུ་ཤེས་དང་ལས་འགན་འདུ་ཤེས། དགོས་གཏུག་འདུ་ཤེས་བཅས་དངོས་སུ་ཇེ་དྲག་ཏུ་བཏང་སྟེ། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་བྱ་བ་སྔར་ལས་བཟང་པོར་བསྒྲུབ་དགོས།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་ནི་ཚེ་སྲོག་གི་ཕུང་བོ་གཅིག་ཏུ་གྲུབ་པའི་འདུ་ཤེས་ལྟར། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པ་དང་། སྲུང་བྱུང་སྲུང་སྐྱོབ་ཁུལ་རྨང་གཞི་ཡིན་ལ། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་མ་ལག་གྲུབ་པར་བྱས་ཏེ། རང་བྱུང་སྐྱེ་ཁམས་མ་ལག་གལ་ཆེན་ལ་ཆེས་གཟབ་ནན་གྱི་སྲུང་སྐྱོབ་ཐོབ་ཏུ་འཇུག་དགོས། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ནི་ཆེས་རྩ་ཆེ་བའི་རང་བྱུང་ཐོན་ཁུངས་ཡིན་པས། རི་སྐྱེས་སྐྱེ་དངོས་སྲོག་ཆགས་ཀྱི་སྲུང་སྐྱོབ་དོ་དམ་ལྟ་སྐུལ་དངོས་སུ་ཇེ་དྲག་ཏུ་བཏང་ནས། གང་འདོད་དུ་རི་སྐྱེས་སྲོག་ཆགས་འཛིན་རྔོན་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བ་དང་། རི་སྐྱེས་སྐྱེ་དངོས་དང་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བརླག་བྱེད་པའི་གྱོད་དོན་ལ་ཞིབ་བཤེར་ཆད་གཅོད་ནན་མོ་བྱེད་དགོས། རང་བྱུང་ཤུལ་བཞག་ཐོན་ཁུངས་ཀྱི་དོ་དམ་དང་སྲུང་སྐྱོབ་ལ་སྔར་ལས་ཤུགས་བསྣན་ནས། སྐྱེ་དངོས་བདེ་འཇགས་ཀྱི་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་དགོས། སྐྱེ་དངོས་སྣ་མང་རང་བཞིན་གྱི་རྨང་གཞིའི་ལྟ་ཞིབ་ཚད་ལེན་དང་རྟོག་ཞིབ་བྱ་བ་སྔར་ལས་བཟང་པོར་སྒྲུབ་ནས། སྐྱེ་དངོས་སྣ་མང་རང་བཞིན་གྱི་འགུལ་རྣམ་འགྱུར་སྟངས་ལ་དུས་ལྟར་རྒྱུས་ལོན་བྱེད་དགོས། ཆེས་གཟབ་ནན་གྱི་ལམ་ལུགས་དང་ཁྲིམས་སྐྱོང་ལ་བརྟེན་ནས་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་བྱ་བར་སྐུལ་འདེད་བཏང་སྟེ། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ལ་གཞི་འཛིན་སའི་ཁྲིམས་ཡོད་པ་དང་ཁྲིམས་བཟོས་ཚེ་ངེས་པར་དུ་བརྩི་སྲུང་བྱེད་པར་ཁག་ཐེག་བྱེད་དགོས།

ཧན་ཀྲིན་གྱིས་བསྟན་དོན། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས་ཐེངས་བཅོ་ལྔ་པར་འགོད་པའི་ཕྱོགས་སོ་སོའི་ཚོགས་ཆེན་དེ་ཉིས་སྟོང་ཉི་ཤུ་ལོར་རང་རྒྱལ་ནས་བསྡུ་རྒྱུ་ཡིན་པས། གྲ་སྒྲིག་བྱ་བ་ཧུར་ཐག་གིས་བཟང་པོར་བསྒྲུབ་པ་དང་། མགྲོན་བདག་རྒྱལ་ཁབ་ཀྱི་འོས་འགན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཕུན་སུམ་ཚོགས་པར་ལེགས་འགྲུབ་འབྱུང་བ་དང་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ཚོགས་ཆེན་ཞིག་བསྡུ་བར་ཁག་ཐེག་བྱ་དགོས།