ཉིས་སྟོང་བཅུ་དགུ་ལོར་རང་རྒྱལ་གྱིས་ཕྱི་ཕྱོགས་ཉོ་འཚོང་གི་འགོ་བཟང་པོ་བརྩམས།
2019.02.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 81

སྒོ་ཁྲལ་ལས་ཁུངས་སྤྱི་ཁྱབ་ཧྲུའུ་ཡིས་ཚེས་བཅུ་བཞི་ཉིན་བསྒྲགས་པ་ལྟར་ན། ད་ལོའི་ཟླ་དང་པོར་རང་རྒྱལ་གྱིས་ཕྱི་ཕྱོགས་ཉོ་འཚོང་གི་ནང་འདྲེན་ཕྱིར་གཏོང་བྱས་ཚད་དུས་མཉམ་ལས་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་བདུན་འཕར་ནས་ཕྱི་ཕྱོགས་ཉོ་འཚོང་གི་འགོ་བཟང་པོ་ཞིག་བརྩམས་ཟེར།

སྒོ་ཁྲལ་ལས་ཁུངས་ཀྱིས་སྡོམ་རྩིས་བྱས་པ་ལྟར་ན། ཟླ་དང་པོར་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་གཉིས་དང་སྟོང་བདུན་སུམ་བརྒྱ་ཡིན་པ་དང་དུས་མཉམ་ལས་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་བདུན་འཕར། དེའི་ནང་དུ་ཕྱིར་གཏོང་གི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ཡིན་ལ་དུས་མཉམ་ལས་བརྒྱ་ཆའི་བཅུ་གསུམ་དང་གྲངས་ཆུང་དགུ་འཕར། ནང་འདྲེན་གྱི་རིན་ཐང་སྒོར་དུང་ཕྱུར་གཅིག་བྱེ་བ་གཉིས་ས་ཡ་གསུམ་ཡིན་ལ་དུས་མཉམ་ལས་བརྒྱ་ཆའི་གཉིས་དང་གྲངས་ཆུང་དགུ་འཕར། ཉོ་འཚོང་གི་གཏོང་མང་ཡོང་ཉུང་གི་ཧེ་བག་སྒོར་དུང་ཕྱུར་སྟོང་གཉིས་དང་བདུན་བརྒྱ་བཅུ་གཅིག་ལྷག་ཡིན་ལ་ལྡབ་གཅིག་དང་གྲངས་ཆུང་གཉིས་ཀྱིས་ཇེ་ཆེར་སོང་། ཉོ་འཚོང་གི་སྒྲིག་སྔར་ལས་ཇེ་ལེགས་སུ་སོང་ཡོད་དེ། ཟླ་དང་པོར་རང་རྒྱལ་གྱིས་རླངས་འཁོར་ཕྱིར་གཏོང་བྱས་ཚད་བརྒྱ་ཆའི་སོ་དྲུག་ལྷག་འཕར་བ་དང་། སྨན་བཅོས་སྒྲིག་ཆས་ཕྱིར་གཏོང་བྱས་ཚད་བརྒྱ་ཆའི་ཉེར་ལྔ་འཕར། ནང་འདྲེན་གྱི་ཕྱོགས་ནས་སྒྲིག་ཆས་གལ་ཆེན་དང་ལྷུ་ལག་གནད་འགག་གི་རིགས། འཛད་སྤྱོད་དངོས་རྫས་སྤུས་ལེགས་ཀྱི་རིགས་ནང་འདྲེན་བྱས་ཚད་ཅུང་མགྱོགས་མྱུར་གྱིས་འཕར།

སྒོ་ཁྲལ་ལས་ཁུངས་ཀྱིས་སྡོམ་རྩིས་བྱས་པ་ལྟར་ན། ཟླ་དང་པོར་རང་རྒྱལ་གྱིས་རྒྱུད་གཅིག་ལམ་གཅིག་རྒྱུད་ཀྱི་རྒྱལ་ཁབ་ལ་བསྡོམས་པས་ནང་འདྲེན་ཕྱིར་གཏོང་བྱས་པའི་རིན་ཐང་སྒོར་དུང་ཕྱུར་སྟོང་བདུན་དང་བདུན་བརྒྱ་ལྷག་ལ་བསླེབས་པ་དང་བརྒྱ་ཆའི་བཅུ་གཅིག་ལྷག་འཕར། དེའི་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་འཚོང་སྤྱིའི་རིན་ཐང་གི་བརྒྱ་ཆའི་ཉེར་བརྒྱད་ལྷག་ཟིན་ཡོད།

ཆེད་མཁས་པས་བསྟན་དོན། རྒྱུད་གཅིག་ལམ་གཅིག་གི་རྒྱལ་ཁོངས་ལས་བརྒལ་བའི་རྨང་གཞིའི་སྒྲིག་ཆས་སྔར་ལས་འཐུས་ཚང་དུ་སོང་བ་དང་བསྟུན་ནས། རྗེས་ཕྱོགས་རང་རྒྱལ་དང་རྒྱུད་གཅིག་ལམ་གཅིག་རྒྱུད་ཀྱི་རྒྱལ་ཁབ་བར་ཉོ་འཚོང་མུ་མཐུད་དུ་གོང་འཕེལ་འབྱུང་སྲིད་ཟེར།

དེ་དང་མཉམ་དུ། ཟླ་དང་པོར་རང་རྒྱལ་གྱིས་དམངས་གཉེར་ཁེ་ལས་ཀྱིས་ནང་འདྲེན་ཕྱིར་གཏོང་བྱས་པའི་རིན་ཐང་སྒོར་དུང་ཕྱིར་ཁྲི་གཅིག་དང་སྟོང་གཅིག་ལྔ་བརྒྱར་བསླེབས་ནས་བརྒྱ་ཆའི་བཅུ་བདུན་འཕར་བ་དང་། དེས་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་འཚོང་སྤྱིའི་རིན་ཐང་གི་བརྒྱ་ཆའི་ཞེ་གཉིས་ལྷག་ཟིན་ལ། ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་གསུམ་འཕར།