རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་གི་འཐུས་ཚབ་པ་ལའེ་ཐི་ཞི་ཙིག་དང་ནོར་སྲིད་པུའུ་ཀྲང་མུའུ་ནུའུ་ཆན་གཉིས་ལ་མཇལ་འཕྲད་གནང་།
2019.02.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 127

ཚེས་བཅོ་ལྔའི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སྐོར་ཐེངས་གསར་བའི་ཀྲུང་གོ་དང་ཨ་མེ་རི་ཁའི་རིམ་པ་མཐོ་བའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་ལ་ཞུགས་པར་ཡོང་བའི་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་གི་འཐུས་ཚབ་པ་ལའེ་ཐི་ཞི་ཙིག་དང་ནོར་སྲིད་པུའུ་ཀྲང་མུའུ་ནུའུ་ཆན་གཉིས་ལ་མཇལ་འཕྲད་གནང་། 


རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅོ་ལྔའི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སྐོར་ཐེངས་གསར་བའི་ཀྲུང་གོ་དང་ཨ་མེ་རི་ཁའི་རིམ་པ་མཐོ་བའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་ལ་ཞུགས་པར་ཡོང་བའི་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་གི་འཐུས་ཚབ་པ་ལའེ་ཐི་ཞི་ཙིག་དང་ནོར་སྲིད་པུའུ་ཀྲང་མུའུ་ནུའུ་ཆན་གཉིས་ལ་མཇལ་འཕྲད་གནང་། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་ནི་མིག་སྔར་འཛམ་གླིང་སྟེང་ཆེས་གལ་ཆེ་བའི་ཕྱོགས་གཉིས་ཀྱི་འབྲེལ་བའི་ཁྲོད་ཀྱི་གཅིག་ཡིན། རྒྱལ་ཁབ་གཉིས་ཀྱིས་འཛམ་གླིང་གི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོང་བྱེད་པ་དང་འཛམ་གླིང་གི་དར་རྒྱས་གོང་འཕེལ་ཕྱོགས་ལ་ཡར་སྐུལ་གཏོང་བར་ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་ཡོད་པར་མ་ཟད། འགན་འཁྲིའི་འོས་འགན་གལ་ཆེན་ཁུར་ཡོད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་ཐང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བ་རྒྱུན་འཁྱོངས་བྱེད་རྒྱུ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་རེ་བལྟས་བྱེད་སའང་ཡིན། ན་ནིང་གི་ཟླ་བཅུ་གཉིས་པར་བདག་དང་ཙུང་ཐུང་ཐི་ལིང་ཕུའུ་གཉིས་ཀྱིས་ཨ་ཀིན་ཐེན་གྲོས་མོལ་བྱས་ཏེ་ཐུན་མོང་གི་ལྟ་ཚུལ་གལ་ཆེན་བྱུང་བ་དང་། རྒྱལ་ཁབ་གཉིས་ཀྱིས་མཐུན་སྦྱོར་དང་མཉམ་ལས། གཏན་འཇགས་བཅས་རྨང་རྐང་ཡིན་པའི་ཕྱོགས་གཉིས་ཀྱི་འབྲེལ་བར་ཐུན་མོང་གིས་སྐུལ་འདེད་བཏང་བ་རེད། ཕྱོགས་གཉིས་ཀྱི་ཚོགས་པས་བདག་དང་ཙུང་ཐུང་ཐི་ལིང་ཕུའུ་གཉིས་ཀྱིས་གཏན་འཁེལ་བྱས་པའི་རྩ་དོན་དང་ཁ་ཕྱོགས་ལྟར། མཐུན་སྦྱོར་ལ་ཤུགས་སྣོན་པ་དང་མཉམ་ལས་ལ་མཐོང་ཆེན་བྱེད་པ། འགལ་བར་ཚོད་འཛིན་བཅས་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་ཐང་གཏན་འཇགས་ངང་ཡར་རྒྱས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་བཞིན་ཡོད་ཟེར། 

 ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་གི་ཟླ་བཅུ་གཉིས་པའི་ཚུན་ལ་རྒྱལ་ཁབགཉིས་ཀྱི་དཔལ་འབྱོར་ཉོ་ཚོང་ཚོགས་པས་གཅིག་བསྡུས་དང་ཕན་ནུས་ལྡན་པའི་གྲོས་མོལ་སྤེལ་བ་རེད། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་སུ་ཡིན་ཡང་གཅིག་གཅིག་ཁ་བྲལ་མི་རུང་བ་དང་། མཉམ་ལས་ནི་གཉིས་ཀར་ཕན་ཞིང་འགལ་བ་ནི་གཉིས་ཀར་གནོད་པས། ཕྱོགས་གཉིས་ཀྱིས་མཉམ་ལས་བྱེད་རྒྱུ་ནི་ཆེས་ལེགས་པའི་གདམ་གསེས་ཡིན་ཞེས་བདག་གིས་ཐེངས་མང་པོར་བཤད་མྱོང་། ཁ་སང་དེ་རིང་འཛམ་གླིང་ཡོངས་ཀྱི་མིག་ཟུང་གཅིག་ཏུ་བསྡུས་ནས་པེ་ཅིན་ལ་ལྟ་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀྱི་ཚོགས་པས་གྲོས་མོལ་བྱས་ཏེ་ཡང་བསྐྱར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་བླངས་ཡོད། གཟའ་འཁོར་རྗེས་མར་ཕྱོགས་གཉིས་ཀ་ཡང་བསྐྱར་ཝ་ཧྲིན་ཏོན་ནས་མཇལ་རྒྱུ་ཡིན་པ་དང་། ཁྱེད་ཚོ་ཚང་མས་ཡང་འབད་བསྐྱར་འབད་བྱས་ནས་གཉིས་ཕན་མཉམ་རྒྱལ་གྱི་གྲོས་མཐུན་ཞིག་འགོད་པར་ཡར་སྐུལ་གཏོང་རྒྱུའི་རེ་བ་བྱེད་བཞིན་ཡོད་ཟེར།

 ལའེ་ཐི་ཞི་ཙིག་དང་མུའུ་ནུའུ་ཆན་གཉིས་ཀྱིས་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྙིང་ཉེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་སྒྲོག་བྱས། ཁོ་ཚོས་བསྟན་དོན། ཨ་མེ་རི་ཁ་དང་ཀྲུང་གོ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད། ཙུང་ཐུང་ཐི་ལིང་ཕུའུ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གཉིས་ཀྱིས་ཨ་ཀིན་ཐེན་ནས་གྲོས་མོལ་གལ་ཆེན་མཛད་རྗེས། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་ཚོགས་པས་དུས་ཚོད་དམ་འཛིན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མིང་གི་ལྟ་ཚུལ་ལག་བསྟར་དངོས་འབེབ་བྱས་པ་དང་། དེ་སྔོན་གྲོས་མོལ་བྱས་པའི་རྨང་གཞིའི་སྟེང་འདས་པའི་ཉིན་གཉིས་རིང་ལ་ཕྱོགས་གཉིས་ཀྱིས་མཉམ་དུ་སེམས་ཁུར་བྱེད་པའི་དཔལ་འབྱོར་ཉོ་ཚོང་གི་གནད་དོན་ཐད་ནས་གྲོས་བསྡུར་གཏིང་ཟབ་བྱས་པར་མ་ཟད། གལ་ཆེ་བ་དང་དཀའ་ཁག་ཆེ་བའི་གནད་དོན་ཐད་ནས་འཕེལ་རིམ་གྱི་གྲུབ་འབྲས་གསར་བ་བླངས་ཡོད་ཟེར། 

ཞི་ཅིན་ཕིང་གིས་ལའི་ཐི་ཞི་ཙིག་དང་མུའུ་ནུའུ་ཆན་གཉིས་བརྒྱུད་ནས་ཙུང་ཐུང་ཐི་ལིང་ཕུའུ་ལ་སེམས་གཏིང་ནས་སྨོན་འདུན་བཟང་བོ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ཙུང་ཐུང་ཐི་ལིང་ཕུའུ་དང་མཉམ་དུ་བྱ་བའི་འབྲེལ་བ་བཟང་བོར་ཧ་ཅང་གཅེས་འཛིན་བྱེད་པ་དང་། ཁོང་དང་མཉམ་དུ་རིགས་སྣ་ཚོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཕྱོགས་གཉིས་བར་གྱི་འབྲེལ་བ་སྲུང་འཛིན་བྱེད་འདོད་ཡོད་ཟེར། 

ལིག་ཧི་དང་ཝང་དབྱི་སོགས་མཇལ་འཕྲད་ལ་ཞུགས།