ཧན་ཀྲིན་གྱིས་ནོར་སྲིད་པུའུ་ཡི་བྱ་བར་རྟོག་ཞིབ་མཛད།
2019.02.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 38

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཚེས་བཅོ་ལྔ་ཉིན་ནོར་སྲིད་པུའུ་ཡི་བྱ་བར་རྟོག་ཞིབ་མཛད་པ་མ་ཟད་འགོ་མཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་ནན་མོ་བྱས་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ལ། དཔྱ་ཁྲལ་དང་གྲོན་དངུལ་ཇེ་ཉུང་དུ་གཏོང་བ་དང་མཁྲེགས་གཏོར་ཆེན་པོ་གསུམ་སོགས་ཀྱི་བྱ་བ་གཙོ་བོར་ཞིབ་འཇུག་བྱས།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། ནོར་སྲིད་བྱ་བ་བཟང་བོར་བསྒྲུབ་ན་སྤྱི་ཡོངས་ལ་རྐང་འཛུགས་པ་དང་། གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་རྨང་གཞི་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཙོ་ཐིག་ཏུ་བྱེད་པ། འཕར་སྣོན་གཏན་འཇགས་དང་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ། གྲུབ་ཚུལ་ལེགས་སྒྲིག དམངས་ཚིས་ལ་ཕན་འདོགས་པ། ཉེན་ཁར་སྔོན་འགོག་བྱེད་པ། ནོར་སྲིད་ཀྱི་སྲིད་ཇུས་ལེགས་པོའི་ཕན་ནུས་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་སྟེ། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ཞིབ་ཕྲར་དོ་སྣང་བྱེད་པ་དང་། གནས་ཚུལ་དངོས་ལ་རྐང་འཛུགས་པ། སྲིད་ཇུས་ལག་བསྟར་བྱེད་པའི་ཁྲོད་གནད་འཁེལ་མངོན་པར་བྱེད་པ། ལག་བསྟར་ལ་དམ་འཛིན་བྱེད་པ་དང་། བརྟག་བཤེར་ཞིབ་འཇུག་ལ་ཤུགས་བསྣན་ནས། སྲིད་ཇུས་བཀོལ་སྤྱོད་བཟང་བོ་བྱེད་པར་ཁག་ཐེག་བྱེད་དགོས། གྲུབ་འབྲས་ལ་མཐོང་ཆེན་བྱེད་པ་དང་། གྲུབ་འབྲས་ཕྱོགས་སྟོན་དུ་བྱས་ནས་འབུར་ཐོན་གནད་དོན་ཐག་བཅད་དེ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྣང་། སྐྱིད་སྣང་ཇེ་དྲག་ཏུ་གཏོང་དགོས་ཟེར།

ཧན་ཀྲིན་གྱིས། གཞི་ཁྱོན་སྔར་ལས་ཆེ་བའི་སྒོ་ནས་དཔྱ་ཁྲལ་དང་གྲོན་དངུལ་ཇེ་ཉུང་དུ་བཏང་ན། ཡོང་སྒོ་བགོ་བཤའི་རྣམ་པ་ལེགས་བསྒྱུར་བྱེད་པ་དང་། དཔྱ་ཁྲལ་ལམ་ལུགས་ཀྱི་གྲུབ་ཚུལ་འཐུས་ཚང་དུ་གཏོང་བ། མིག་སྔའི་ཆེ་ཕྱོགས་སྲིད་ཇུས་ཀྱི་ཁ་ཕྱོགས་ལ་ཞབས་འདེགས་ཞུ་བར་ཕན་འདོགས་པ་མ་ཟད། རྒྱལ་དམངས་དཔལ་འབྱོར་གྱི་འཁོར་རྒྱུག་ལ་ཕན་འདོགས་ཐུབ།  རྨང་གཞི་རང་བཞིན་གྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཁེ་ལས་ཀྱི་སྤྱི་ཚོགས་འགན་སྲུང་དངུལ་ཇེ་ཉུང་དུ་བཏང་སྟེ། ཁེ་ལས་ཀྱི་ལས་བཟོ་བའི་གཞི་རྩའི་རྒན་གསོ་ཉེན་ཚབ་མ་དངུལ་ཀྲུང་དབྱང་གིས་སྙོམ་སྒྲིག་བྱེད་པའི་ལམ་ལུགས་ལག་བསྟར་བཟང་བོ་བྱེད་དགོས། ནོར་སྲིད་ཀྱི་གཏོང་ཡོང་དོ་དམ་ལ་ཤུགས་སྣོན་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་འོས་འཚམ་གྱི་སྲིད་ཇུས་བྱེད་ཐབས་གཏན་འབེབས་བྱེད་པ། སྲིད་ཇུས་ཀྱི་ཀུན་ཕན་རང་བཞིན་ཇེ་དྲག་ཏུ་བཏང་ནས། འདྲ་མཉམ་འགྲན་རྩོད་ལ་ཕན་པ་ཡོད་པའི་སྲིད་ཇུས་ཁོར་ཡུག་བསྐྲུན་དགོས། ནོར་སྲིད་དངུལ་རྩའི་ཐད་ཀྱི་ཉེན་ཁ་ཚོད་འགོག་བྱེད་པ་དང་། ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁར་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་སྣོན་པ། ཉེན་ཁ་ཚབས་ཆེན་ལ་རྗེས་འདེད་དབྱེ་ཞིབ་བྱེད་པ་དང་དུས་ལྟར་ཉེན་བརྡ་བཏང་སྟེ། ཇུས་གཞི་འཐུས་ཚང་དུ་གཏོང་དགོས། ནོར་སྲིད་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་ནས། མུ་མཐུད་དུ་དབུལ་ཐར་མཁྲེགས་གཏོར་དང་བཙོག་བཟོ་འགོག་བཅོས་བྱ་བར་རྒྱབ་སྐྱོར་བྱེད་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་ཤུགས་བསྣན་ནས། བློ་དཀར་བ་དང་སྤྱོད་ཚུལ་བཟང་བ། ཁག་ཁུར་ཡོད་པ། བྱང་ཚད་མཐོ་བའི་ནོར་སྲིད་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས་ཟེར།