མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ཅུའུ་ཀྲང་གྲོས་ཚོགས་ཟི་ལིང་ནས་བསྡུས།
2019.02.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ཅུའུ་ཀྲང་གྲོས་ཚོགས་ཟི་ལིང་ནས་བསྡུས་ཤིང་། ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིན་གྱི་ཐིན་ཀྲང་ཝང་ཀྲིན་ཧྲིན་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཝང་ཀྲིན་ཧྲིན་གྱིས་བསྟན་དོན། ན་ནིང་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། སྤྱི་བདེ་པུའུ་བཅས་ཀྱི་འགོ་ཁྲིད་བརྟན་པོའི་འོག་ཏུ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་བཟུང་ནས། ཐོག་མཐའ་བར་གསུམ་ཀུན་ཏུ་རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བ་དང་མི་དམངས་སྲོག་ཤིང་ཡིན་པའི་འཕེལ་རྒྱས་བསམ་བློ་དངོས་འབེབས་དོན་འཁྱོལ་བྱས་ཏེ། བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་ལ་བརྩོན་པའི་སྤྱིའི་འགྲོ་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཁག་ཁུར་ལ་བློ་དཀར་བ་དང་། བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་བདེ་འཇགས་ལ་འགན་སྲུང་བྱེད་པ། འཆམ་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་རིམ་ཁག་སོ་སོའི་བྱ་བ་ཞིབ་ཕྲ་ཅན་དང་བདེན་དངོས་ཅན་དུ་བསྒྱུར་ཡོད་པས། ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་རྒྱུན་མཐུད་ཡོང་བར་རྒྱུན་འཁྱོངས་ལྷོད་མེད་བྱས་ཡོད་ཟེར།

ཝང་ཀྲིན་ཧྲིན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་གྲོས་ཚོགས། རྒྱལ་ཡོངས་སྤྱི་བདེ་ཐིན་གྱི་ཅུའུ་ཀྲང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་་སོགས་ཀྱི་གྲོས་ཚོགས་གལ་ཆེན་རབས་དང་རིམ་པའི་བཀོད་སྒྲིག་ལྟར་དུ། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་། མཚོ་སྔོན་བཅིངས་འགྲོལ་བྱས་ཏེ་ལོ་འཁོར་བདུན་ཅུ་ལོན་པའི་རིང་གི་བདེ་འཇགས་དང་བརྟན་འཇགས་བྱ་བ་གཙོ་གནད་དུ་འཛིན་དགོས་ཤིང་། ཉེན་ཁ་དང་འགལ་བ་གལ་ཆེན་གྱི་རིགས་རིམ་པར་འདུམ་འགྲིག་སྔོན་འགོག་བྱས་ཏེ། བདེ་འཇགས་དང་བརྟན་འཇགས་ཀྱི་ལྕགས་རི་བརྟན་སྲུང་བྱེད་དགོས་ཟེར།