ཡན་ཅིན་ཧེ་ཡིས་ཡུལ་ཤུལ་ཁངས་སྐྱོན་རྒུད་སྐྱོབ་ཀྱི་ལས་གནས་སྟེང་ན་ཡོད་པའི་ལས་བྱེད་མང་ཚོགས་ཀྱི་གནོད་འགོག་ཕྱུགས་སྐྱོབ་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས།
2019.02.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་གཉིས་པའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་གི་མངགས་བཅོལ་ལྟར་དུ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། ཡུལ་ཤུལ་ཁུལ་ཏུ་འབྱོར་ནས་ཁངས་སྐྱོན་ལས་གནས་སྟེང་གི་མང་ཚོགས་དང་ལས་བྱེད་པ། ལས་བཟོ་བ་བཅས་ལ་འཚམས་འདྲི་བྱས་པར་མ་ཟད། ཡུལ་ཤུལ་གྱི་གནོད་འགོག་ཕྱུགས་སྐྱོབ་བྱ་བར་ཆེད་དོན་ལྟ་སྐུལ་མཛུབ་སྟོན་བྱས། 

ཡན་ཅིན་ཧེ་ཡིས་ནན་གྱིས་བསྟན་དོན། ཡུལ་ཤུལ་ལ་ཁངས་སྐྱོན་བྱུང་རྗེས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཐོང་ཆེན་བྱས་ཏེ། རིམ་པ་སོ་སོའི་སྡེ་ཁག་གིས་ཚན་རིག་གི་ལམ་ནས་བརྡར་གཅོད་ཞིབ་འཇུག་དང་འཕྲལ་དུ་ཁ་གཏད་གཞལ་ནས། ཤུགས་ཆེན་པོས་མང་ཚོགས་ཀྱི་འཚོ་བར་རོགས་འདེགས་དང་འགྲིམ་འགྲུལ་བདེ་བགྲོད། ཉེན་ཚབས་ཁ་གསབ་སྤྲོད་པ། གནོད་ཐེབས་གནས་ཚུལ་ལ་རྟོག་ཞིབ། དངོས་ཟོག་སྐྱེལ་འདྲེན། ཁངས་སྐྱོན་བསྐྱར་དུ་མི་འབྱུང་བར་སྔོན་འགོག་བྱེད་པ་སོགས་ཀྱི་བྱ་བ་སྤེལ་ནས། བསམ་ཚུལ་བཏོན་པ་དུས་ཐོག་ཏུ་འཁེལ་བ་དང་རིམ་པ་སོ་སོའི་ཤུགས་བཏོན་པ་དུས་ཐོག་ཏུ་འཁེལ་བ། གནོད་འགོག་ཕྱུགས་སྐྱོབ་བྱ་བ་དུས་ཐོག་ཏུ་འཁེལ་བ། ཉེན་ཚབས་ཁ་གསབ་སྤྲོད་པ་དུས་ཐོག་ཏུ་འཁེལ་བར་བརྟེན། གནོད་ཐེབས་ཆེན་པོ་ལ་གྱོང་གུད་ཆེན་པོ་མ་བྱུང་བའི་གྲུབ་འབྲས་བླངས་ཡོད་ཅིང་། གྲུབ་འབྲས་དེ་དག་ཀྱང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྩྭ་སའི་སྒོ་ཕྱུགས་ལས་དོན་འཕེལ་རྒྱས་བྱེད་ཐབས་ཚུལ་བཞིན་བསྒྱུར་བར་སྐུལ་འདེད་བཏང་བ་ལས་ཐོབ་པ་ཡིན་ལ། ཞིབ་ལས་ཅན་གྱི་འཕེལ་རྒྱས་ལམ་བུ་རྒྱུན་འཁྱོངས་བྱས་པ་ལས་ཐོབ། དེ་མིན་ད་དུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ལྷོ་རྒྱུད་ཀྱི་རྩྭ་སའི་སྒོ་ཕྱུགས་ལས་རིགས་ལ་མཐོང་ཆེན་བླ་མེད་བྱས་པ་ལས་ཀྱང་ཐོབ་ཟེར། 

ཡན་ཅིན་ཧེ་ཡིས་བླང་བྱ་བཏོན་དོན། རིམ་པ་སོ་སོའི་སྡེ་ཁག་གིས་མུ་མཐུད་དུ་མཚོ་སྔོན་གསར་བའི་སྙིང་སྟོབས་དར་སྤེལ་བྱས་ཏེ། གནོད་འགོག་རྒུད་སྐྱོབ་ཀྱི་རྗེས་སྒྲུབ་བྱ་བ་གཏིང་ཟབ་དུ་སྤེལ་དགོས་པར་མ་ཟད། ཤུགས་ཆེན་པོས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱས་ཏེ། གནོད་འགོག་ཕྱུགས་སྐྱོབ་བྱ་བ་ལ་རྒྱལ་ཁ་ལེན་པར་འབད་འབུངས་ཧུར་བསྐྱེད་བྱེད་དགོས་ཟེར།རྟོག་ཞིབ་བྱེད་སྐབས། ཡན་ཅིན་ཧེ་ཡིས་རྒྱལ་ཁབ་མཁོ་བསྟུན་དོ་དམ་པུའུ་ཡི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་ལྷན་དུ་བཞུགས་མོལ་བྱས།