མཚོ་སྔོན་ཞིང་ཆེན་ལྗང་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཟི་ལིང་ལྷོ་བྱང་རི་བོའི་ལྗང་སྒྱུར་བཀོད་འདོམས་པུའུ་ཡིས་ཚང་འཛོམས་གྲོས་ཚོགས་བསྡུས།
2019.03.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གྱིས་འགོ་འཛིན་བྱས་ཏེ། ཞིང་ཆེན་ལྗང་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཟི་ལིང་ལྷོ་བྱང་རི་བོའི་ལྗང་སྒྱུར་བཀོད་འདོམས་པུའུ་ཡིས་ཁོངས་མིའི་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། ཉིས་སྟོང་བཅོ་བརྒྱད་ལོའི་མཚོ་སྔོན་གྱི་རྒྱལ་ཁོངས་ལྗང་སྒྱུར་སྤྱི་བསྒྲགས་དང་། ཉིས་སྟོང་བཅོ་བརྒྱད་ལོའི་ཟི་ལིང་ལྷོ་བྱང་རི་བོའི་ལྗང་སྒྱུར་བྱ་བའི་དམིགས་འབེན་དཔྱད་ཞིབ་མཇུག་འབྲས་བསྒྲགས་པའི་གནས་ཚུལ་ལ་གྲོས་ཞིབ་དང་གཟབ་ཉན་བྱས། 

ཐེན་ཅིན་ཁྲིན་གྱིས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་དངོས་འབེབས་ནན་མོ་བྱས་ཏེ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ནས། གཞི་ཁྱོན་ཆེ་བའི་སྒོ་ནས་རྒྱལ་ཁོངས་ལྗང་སྒྱུར་ལས་སྒོ་སྤེལ་མཐར། སྤྱི་ཆིང་འབུམ་གཉིས་དང་ཁྲི་བདུན་གྱི་སར་སྡོང་འཛུགས་ནགས་སྐྲུན་བྱས་ཏེ། ལྷོ་བྱང་རི་བོའི་ལྗང་སྒྱུར་བཟོ་སྐྲུན་སྐབས་གསུམ་པ་དུས་བཅད་ཀྱི་སྔོན་ལ་ཡོངས་འགྲུབ་བྱས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་བྱ་བར་ཕན་འབྲས་གསར་བ་བླངས་ཡོད་ཟེར།

ཐེན་ཅིན་ཁྲིན་གྱིས་ནན་གྱིས་བསྟན་དོན། ད་ལོ་ནི་ཞིང་ཆེན་ཡོངས་ཀྱི་ལྗང་སྒྱུར་བྱ་བ་ལོ་གསུམ་གྱི་རིང་མགྱོགས་མྱུར་སྤེལ་དགོས་པའི་ཆེས་མཇུག་མཐའི་ལོ་ཡིན་པས། འགན་ཁུར་ཧ་ཅང་ལྕི། ས་གནས་དང་སྡེ་ཁག་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་བསམ་བློའི་ངོས་ཟིན་མཐོར་འདེགས་སུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་དང་རྒྱལ་ཁོངས་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བསྐྲུན་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས་འགྲེང་སྟེ། རྒྱལ་ཁོངས་ལྗང་སྒྱུར་མཁྲེགས་གཏོར་ལ་རྒྱལ་ཁ་ཐོབ་པར་བརྩོན་ལེན་བྱེད་དགོས་ཟེར།