ཁོང་ཡུང་གིས་མགོ་ལོག་ཁུལ་གྱི་ཁངས་གནོད་འགོག་སྐྱོབ་བྱ་བར་རྟོག་ཞིབ་བྱས།
2019.03.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅུ་བཞི་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་མཁོ་བསྟུན་དོ་དམ་ཐིན་གྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱི་སྣེ་ཁྲིད་དེ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏུ་སོང་ནས་དེ་གའི་ཁངས་གནོད་འགོག་སྐྱོབ་བྱ་བར་རྟོག་ཞིབ་བྱས་པར་མ་ཟད། གནོད་ཐེབས་མང་ཚོགས་དང་གཞུང་ལམ་ལ་བདག་སྐྱོང་བྱེད་ཀྱིན་པའི་ལས་བཟོ་བར་འཚམས་འདྲི་བྱས། ཁོང་ཡུང་གིས་བསྟན་དོན། ཁངས་གནོད་བྱུང་རྗེས། མགོ་ལོག་ཁུལ་གྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། ཕྱོགས་སོ་སོའི་མཐུན་སྦྱོར་ལ་ཤུགས་བསྣོན། དཀའ་ངལ་མཁྲེགས་གཏོར་བཅས་བྱས་ཏེ། ཤུགས་ཆེན་པོས་བགྲོད་ལམ་ཤར་གཏོང་དང་དུས་ལྟར་དངོས་ཟོག་གེགས་མེད་སྐྱེལ་འདྲེན་བྱེད་ཐུབ་པར་འགན་སྲུང་བྱས་པར་མ་ཟད། ཁངས་གནོད་འགོག་པའི་བྱ་བ་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ་མཐར། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་སྤྱི་ཚོགས་ཡོངས་བརྟན་འཇགས་ཡོང་བར་འགན་སྲུང་སྟོབས་དང་ལྡན་པ་བྱས་ཡོད་ཟེར།

 ཁོང་ཡུང་གིས་ནན་གྱིས་བསྟན་དོན། མུ་མཐུད་དུ་གནོད་ཐེབས་གནས་ཚུལ་ལ་དོ་སྣང་བྱས་ནས། ཁ་གཏད་རང་བཞིན་གསལ་བའི་སྒོ་ནས་མཁོ་བསྟུན་གྲ་སྒྲིག་གང་ལེགས་བྱེད་དགོས་ལ། མུ་མཐུད་དུ་གཟན་རྩྭ་གསོག་འཇོག་དང་སྐྱེལ་འདྲེན་བྱ་བ་བཟང་བོར་བསྒྲུབ་ནས། དུས་ལྟར་མང་ཚོགས་ཀྱི་འཚོ་བའི་དཀའ་ངལ་མྱུར་མོར་ཐག་གཅོད་བྱས་ཏེ། མགྱོགས་མྱུར་ངང་ཐོན་སྐྱེད་དང་འཚོ་བ་རྒྱུན་ལྡན་ངང་འཁོར་རྒྱུག་བྱེད་པར་འགན་སྲུང་བྱེད་དགོས་ཟེར།