འཐུས་མི་པད་རྒྱལ་བཀྲ་ཤིས་དང་བཀྲ་ཤིས་རྡོ་རྗེ་གཉིས་ཀྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་སློབ་གྲྭའི་དྭངས་གཙང་ནུས་ཁུངས་དྲོད་འདོན་གནད་དོན་ཐག་གཅོད་རྒྱུའི་བསམ་འཆར་བཏོན།
2019.03.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 45

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་པད་རྒྱལ་བཀྲ་ཤིས་དང་བཀྲ་ཤིས་རྡོ་རྗེ་གཉིས་ཀྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་སློབ་གྲྭའི་དྭངས་གཙང་ནུས་ཁུངས་དྲོད་འདོན་གནད་དོན་ཐག་གཅོད་བཟང་པོ་བྱེད་རྒྱུའི་བསམ་འཆར་བཏོན།

བསམ་འཆར་ནང་བཤད་རྒྱུར། མིག་སྔར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་སློབ་གྲྭ་རུ་ད་དུང་རྡོ་སོལ་དང་ལྕི་བར་བརྟེན་ནས་དྲོད་འདོན་བྱེད་པའི་གནས་ཚུལ་ཡོད་པ་དང་། ས་བབ་མཐོ་བའི་ས་ཁམས་རྒྱུ་རྐྱེན་གྱི་དབང་གིས། མཁའ་དབུགས་ཁྲོད་ཀྱི་དབྱང་དབུགས་ཅུང་ཉུང་བ་དང་། རྡོ་སོལ་སྦར་ནས་དྲོད་འདོན་པའི་མཇུག་འབྲས་མི་བཟང་བ་མ་ཟད།  བདེ་འཇགས་ཐད་ཀྱི་ཉེན་ཁ་ཡོད་པ་དང་། སྐྱེ་ཁམས་བཙོག་བཟོའི་ཚད་ཀྱང་ཧ་ཅང་ཚབས་ཆེན་རེད།

རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་། དྭངས་གཙང་ནུས་ཁུངས་བཀོལ་བར་སྐུལ་སློང་བྱེད་པའི་སྲིད་ཇུས་ཀྱི་རེ་བ་ལྟར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་སློབ་གྲྭས་རྡོ་སོལ་བསྐྱུར་ནས་གློག་བཀོལ་བའི་བཟོ་སྐྲུན་ལག་བསྟར་བྱས་པ་དང་། གྲོང་གསེབ་ཀྱི་དྲོད་འདོན་སྦུག་དྲ་ཐོན་མི་ཐུབ་པའི་མཐའ་འཁོར་ཁུལ་ཁོངས་སུ་ཚད་རྡུལ་ནུས་པའི་ཁྲོ་ཐབ་དང་། གློག་གདན་སོགས་དྭངས་གཙང་དྲོད་འདོན་རྣམ་པ་སྣ་མང་བཀོལ་སྤྱོད་བྱས་ན་ཡང་། མ་དངུལ་དང་ལག་རྩལ་གནད་དོན་གྱི་བཀག་རྐྱེན་ཐེབས་པའི་རྐྱེན་གྱིས་དྭངས་གཙང་ནུས་ཁུངས་ཀྱི་དྲོད་འདོན་བསྒྱུར་བཀོད་སྤེལ་རིམ་ཅུང་དལ་བ་དང་། སྔོན་དཔག་བྱས་པའི་གྲུབ་འབྲས་སུ་བསླེབ་ཐུབ་ཀྱིན་མེད་ཟེར།

དེར་བརྟེན། འཐུས་མི་གཉིས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྲིད་ཇུས་ཕྱིར་འདོན་པ་དང་། ལག་རྩལ་དང་མ་དངུལ་ཐད་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་དགུན་དུས་ཀྱི་དྲོད་འདོན་གནད་དོན་ཐག་གཅོད་བཟང་བོ་བྱེད་རྒྱུའི་བསམ་འཆར་བཏོན།