ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་ཧ་ཧྥའོ་སློབ་ཆེན་གྱི་སློབ་གཙོ་པཱ་ཁི་ལ་མཇལ་འཕྲད་གནང་།
2019.03.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་ཧ་ཧྥའོ་སློབ་ཆེན་གྱི་སློབ་གཙོ་པཱ་ཁི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། སློབ་གསོའི་བརྗེ་རེས་མཉམ་ལས་ནི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་དེས་ཀྲུང་གོ་དང་ཨ་མེ་རི་ཁའི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བའི་དམངས་དོན་རྨང་གཞི་ལ་རོགས་འདེགས་བྱེད་ངེས་ཡིན། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པའི་རིང་དང་ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུ་ལོན་པའི་རིང་ལ། ཕྱི་རྒྱལ་ནས་སློབ་གཉེར་བྱས་ཏེ་ཕྱིར་ལོག་པའི་ཤེས་ལྡན་མི་སྣ་སྐོར་ཞིག་གིས་ཀྲུང་གོའི་འཕེལ་རྒྱས་འཛུགས་སྐྲུན་ཐད་ལ་བྱས་རྗེས་ཆེན་པོ་བཞག ང་ཚོས་ཕན་ཚུན་ལ་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་འདོད་ཚུལ་བཅངས་ཡོད་ལ། ཕྱི་རྒྱལ་དུ་སློབ་གཉེར་བྱེད་པར་སྐུལ་ལྕག་གཏོང་བ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་སློབ་གསོའི་བརྗེ་རེས་མཉམ་ལས་ལ་རྒྱབ་སྐྱོར་བྱེད་པར་མ་ཟད། ཀྲུང་གོ་དང་ཨ་མེ་རི་ཁའི་མི་གཞུང་བརྗེ་རེས་ཐད་ནས་གྲུབ་འབྲས་སྔར་ལས་བཟང་བོ་ལེན་དགོས། ན་ནིང་ལོ་མཇུག་ལ་བདག་དང་ཙུང་ཐུང་ཐི་ལིང་ཕུའུ་གཉིས་ཀྱིས་ཨ་ཀེན་ཐིན་ནས་ཐུག་འཕྲད་བྱེད་སྐབས་ཁོང་གིས་ཀྲུང་གོ་དང་ཨ་མེ་རི་ཁའི་སློབ་གསོའི་བརྗེ་རེས་མཉམ་ལས་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན་པར་ང་རང་ཧ་ཅང་དགའ་སྤྲོ་སྐྱེས་འདུག་ཟེར།

པཱ་ཁི་ཡིས་བཤད་རྒྱུར། ང་རང་ད་ཐེངས་འཚམས་འདྲིར་ཡོང་བ་ནི་ཨ་མེ་རི་ཁའི་མཐོ་རིམ་སློབ་གྲྭ་ཡོངས་ཀྱི་ཚབ་བྱས་ཏེ་ཨ་མེ་རི་ཁ་དང་ཀྲུང་གོའི་སློབ་གསོའི་བརྗེ་རེས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ཨ་མེ་རི་ཁ་དང་ཀྲུང་གོའི་མཐོ་རིམ་སློབ་གྲྭ་སོགས་རིག་གནས་སྒྲིག་གཞིས་བརྗེ་རེས་དང་མཉམ་ལས་སྲུང་འཛིན་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བ་དེ་ཡུན་རིང་ལ་དམིགས་ན་ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བར་སྐུལ་འདེད་གཏོང་རྒྱུ་ཧ་ཅང་གལ་ཆེ། ཧ་ཧྥའོ་སློབ་ཆེན་དུ་ཀྲུང་གོའི་སློབ་མ་མང་པོ་ཡོད་པ་དང་ཕྱི་སྐད་ཁྲོད་དུ་རྒྱ་ཡིག་ཁྱབ་གདལ་དུ་བཏང་ཚད་ཀུན་གྱི་མདུན་གྲས་སུ་ཡོད། ཧ་ཧྥའོ་སློབ་ཆེན་གྱིས་མུ་མཐུད་དུ་ཀྲུང་གོའི་སློབ་གསོ་ཚན་ཞིབ་སྒྲིག་གཞི་བར་གྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།