ཞི་ཅིན་ཕིང་རོ་མ་ནས་དབྱི་ཐ་ལིས་ཀྱི་ཙུང་ཐུང་མ་ཐ་ལོས་ལ་ཡིས་བསྡུས་པའི་སྐྱེལ་མ་བྱེད་པའི་མཛད་སྒོར་ཞུགས།
2019.03.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རོ་མ་ནས་དབྱི་ཐ་ལིས་ཀྱི་ཙུང་ཐུང་མ་ཐ་ལོས་ལ་ཡིས་བསྡུས་པའི་སྐྱེལ་མ་བྱེད་པའི་མཛད་སྒོར་ཞུགས།

ཉིན་དེའི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་ལྔ་བཅུའི་སྟེང་། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ཙུང་ཐུང་བཞུགས་ཤག་ལ་ཐོན་པ་དང་། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ཞལ་གྱེས་གསུང་གླེང་མཛད། ཞི་ཅིན་ཕིང་གིས་ཙུང་ཐུང་མ་ཐ་ལོས་ལ་དང་དབྱི་ཐ་ལི་སྲིད་གཞུང་གིས་སྤྲོ་སེམས་འཁོལ་བའི་ངང་སྣེ་ལེན་བྱས་པར་བཀའ་དྲིན་ཆེ་ཞུས།

 ཞི་ཅིན་ཕིང་གིས་གསུངས་རྒྱུར། ཐེངས་འདིའི་འཚམས་འདྲིའི་སྐབས་སུ། བདག་གིས་ཙུང་ཐུང་མ་ཐ་ལོས་ལ་སོགས་དབྱི་ཐ་ལིའི་འགོ་ཁྲིད་པར་མཛའ་བརྩེ་ལྡན་པའི་གྲོས་མོལ་དང་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་བར་གྱི་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་བཏང་བ་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད། ཀྲུང་གོ་དང་དབྱི་ཐ་ལི་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་མཐོ་རིམ་འགོ་ཁྲིད་པའི་བར་གྱི་འགྲོ་འོང་དང་འབྲེལ་འདྲིས་ཇེ་མང་དུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

མ་ཐ་ལོས་ལ་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་ཐ་ལི་ལ་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་མཛད་དེ་གྲུབ་འབྲས་བཟང་བོ་ཐོབ་པར་རྟེན་འབྲེལ་ཞུ་བ་ཡིན། བདག་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྷག་བསམ་རྣམ་དག་དང་གྲུབ་འབྲས་ལྡན་པའི་སྒོ་ནས་གྲོས་མོལ་བྱས་པ་དེ་དབྱི་ཐ་ལི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་སོ་སོ་ནས་མཉམ་ལས་བཟང་བོ་བྱེད་པར་དོན་སྙིང་གལ་ཆེན་ལྡན། བདག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་འབྲེལ་འདྲིས་དམ་པོ་བྱས་ཏེ་དབྱི་ཐ་ལི་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཏེན་ཞའོ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥིན་སོགས་གོང་གི་བྱ་འགུལ་ལ་ཞུགས།