ཞི་ཅིན་ཕིང་གིས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་མཇལ་འཕྲད་གནང་།
2019.03.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 114

ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉི་སི་ནས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་མཇལ་འཕྲད་གནང་། ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལིས་ཡོན་དང་མཱ་ཁི་ལུང་གི་ལྕམ་མོ་པུའུ་ལིས་ཅི་ཐི་གཉིས་མཇལ་འཕྲད་ལ་ཞུགས།


རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་བཞི་ཉིན་གྱི་དགོང་མོར་ཉི་སི་ནས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་མཇལ་འཕྲད་གནང་། ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལིས་ཡོན་དང་མཱ་ཁི་ལུང་གི་ལྕམ་མོ་པུའུ་ལིས་ཅི་ཐི་གཉིས་མཇལ་འཕྲད་ལ་ཞུགས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་འགྲོ་འོང་ལོ་རྒྱུས་ལ་ཕྱིར་དྲན་བྱས།

 ཞི་ཅིན་ཕིང་གིས་བསྟན་དོན། ཧྥ་རན་སི་ནི་ཀྲུང་གོ་དང་དངོས་སུ་འབྲེལ་བ་བཙུགས་པའི་ནུབ་ཕྱོགས་རྒྱལ་ཁབ་ཐོག་མ་ཡིན་ལ། ཆེས་ཐོག་མར་ཀྲུང་གོའི་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་དང་འཐབ་ཇུས་གླེང་མོལ་བྱས་པ། ཆེས་ཐོག་མར་ཀྲུང་གོའི་བར་དམངས་བཀོལ་ཉིང་རྡུལ་ནུས་པའི་མཉམ་ལས་སྤེལ་བའི་རྒྱལ་ཁབ་ཀྱང་ཡིན། ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ཡིན་ལ། ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ང་ལྔ་ལོན་པའི་ལོ་ཡང་ཡིན་པ་དང་། ངས་འདི་འདྲའི་དམིགས་བསལ་ལྡན་པའི་ལོར་ཧྥ་རན་སི་ལ་འཚམས་འདྲི་མཛད་པར་དམིགས་བསལ་གྱི་དོན་སྙིང་ལྡན་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔའི་རྒྱལ་སྤྱིའི་གནས་བབ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འགྱུར་ལྡོག་ཆེན་པོ་བྱུང་ན་ཡང་། ཕྱོགས་འགའི་ཐད་ནས་ཐོག་མཐའ་བར་གསུམ་དུ་འགྱུར་བ་བྱུང་མེད་དེ། གཅིག་ནི་ཀྲུང་གོས་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བར་དོ་སྣང་བྱེད་ཚད་ནམ་ཡང་འགྱུར་བ་བྱུང་མེད་པ་དང་། གཉིས་ནི་ཀྲུང་གོ་དང་ཧྥ་རན་སི་གཉིས་ཀྱིས་ཞི་བདེ་དང་འཕེལ་རྒྱས། འདྲ་མཉམ། དྲང་བདེན་ཐད་ཀྱི་ཐུན་མོང་གི་འཚོལ་སྙེག་ནམ་ཡང་འགྱུར་མེད། གསུམ་ནི་ཀྲུང་གོ་དང་ཧྥ་རན་སིའི་མཉམ་ལས་ཀྱི་གཉིས་ཕན་མཉམ་རྒྱལ་གྱི་ངོ་བོ་ནམ་ཡང་འགྱུར་མེད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་ཐད་ནས་བདེ་ཐང་དང་གཏན་འཇགས་རྒྱུན་འཁྱོངས་བྱས་པ་དང་། རང་སོ་སོའི་ཡུན་རིང་གི་འཕེལ་རྒྱས་ཐད་དོན་སྙིང་གལ་ཆེན་ལྡན་ལ། འཛམ་གླིང་ལ་ཤན་ཤུགས་ཀྱང་ཆེན་པོ་ཐེབས་ཐུབ། ཕྱོགས་གཉིས་ཀྱིས་མཉམ་ལས་ཀྱི་ཁྱབ་ཁོངས་གསར་བར་རྒྱུན་མ་ཆད་པར་འཚོལ་ཞིབ་བྱེད་པ་དང་། མཉམ་ལས་ཀྱི་འཕར་སྣོན་བྱེད་ས་གསར་བ་སྐྱེད་སྲིང་བྱེད་པ། གྲོས་ཐག་ཆོད་པའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དང་ཕྱོགས་གསུམ་པའི་མཉམ་ལས་ལས་གཞི་སྔ་མོ་ནས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། གྲུབ་འབྲས་བཟང་བོ་ལེན་དགོས། ཀྲུང་གོས་ཧྥ་རན་སི་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཁབ་ཀྱི་ལས་སྒོ་དང་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་བཅོས་བསྒྱུར། ནམ་ཟླའི་འགྱུར་ལྡོག་སོགས་གནད་དོན་གལ་ཆེན་སྟེང་གི་འཐབ་ཇུས་བརྗེ་རེས་དང་མཐུན་སྦྱོར་ལ་མུ་མཐུད་དུ་ཤུགས་སྣོན་འདོད་ཡོད། ཀྲུང་གོས་ནམ་ཡང་ཡོ་རོབ་གླིང་གི་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་དང་། ཧྥ་རན་སིས་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་ཐད་ནས་སྣེ་ཁྲིད་དང་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

མཱ་ཁི་ལུང་གིས་བསྟན་དོན། ངས་ན་ནིང་གི་ཀྲུང་གོར་རྒྱལ་ཁའི་ངང་འཚམས་འདྲི་བྱས་པར་ཧ་ཅང་དགའ་སྤྲོ་སྐྱེས་ཡོད། ལོ་གཅིག་རིང་། ཧྥ་རན་སི་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་བར་བྱུང་བའི་ཐུན་མོང་གི་ལྟ་བ་ལག་བསྟར་ནན་མོ་བྱས་པ་དང་། དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ། རིག་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་མཉམ་ལས་ཤུགས་ཆེན་པོས་སྤེལ། ཧྥ་རན་སིས་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་འཐབ་ཇུས་མཉམ་ལས་གྲོགས་པོ་གལ་ཆེན་དུ་བརྩི་བཞིན་ཡོད་ལ། ཀྲུང་གོས་ནམ་ཟླའི་འགྱུར་ལྡོག་སོགས་རྒྱལ་སྤྱིའི་ལས་དོན་ཁྲོད་བཏོན་པའི་ནུས་པ་གལ་ཆེན་དང་དེའི་ཐད་བཞག་པའི་བྱས་རྗེས་ལ་བསྔགས་བརྗོད་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོའི་བར་གྱི་འཐབ་ཇུས་བརྗེ་རེས་དང་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་། ཧྥ་རན་སི་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། མཉམ་དུ་ཕྱོགས་མང་རིང་ལུགས་སྲུང་སྐྱོབ་བྱེད་པ་དང་། འཛམ་གླིང་ཞི་བདེ་དང་དར་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།