ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བྱས་རྗེས་ཀྱི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཙུའུ་བྱ་བའི་སྲོལ་ཡིག་འགྲེམ་སྤེལ་བྱས།
2019.04.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བྱས་རྗེས་ཀྱི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཙུའུ་བྱ་བའི་སྲོལ་ཡིག་འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ལག་བསྟར་ནན་མོ་བྱེད་དགོས་པའི་རེ་བ་བཏོན།

བརྡ་ཐོའི་ནང་བསྟན་དོན། ཉི་སྟོང་བཅོ་ལྔ་ལོའི་ཟླ་དྲུག་པར་ཀྲུང་གུང་ཀྲུང་དབྱང་གིས་འགྲེམ་སྤེལ་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཙུའུ་བྱ་བའི་ཚོད་ལྟའི་ལག་བསྟར་སྲོལ་ཡིག་གིས་ཏང་ཙུའུ་བྱ་བ་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་དུ་བསྒྱུར་བར་ནུས་པ་གལ་ཆེན་བཏོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱིས་ཏང་ཙུའུ་འགན་འཁྲིའི་ནུས་པ་ཇེ་ཆེར་བཏང་བ་དང་ཏང་ཙུའུ་ཡིས་ཏང་ལ་དོ་དམ་དང་ཏང་ལ་བཅོས་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་གཏན་འཁེལ་གསལ་བོ་བྱས། ཏང་ཀྲུང་དབྱང་གིས་གནས་བབ་དང་ལས་འགན། རེ་བ་གསར་བ་ལྟར་སྲོལ་ཡིག་ལ་བཟོ་བཅོས་ཆ་ཚང་བྱས་ཟེར།

བརྡ་ཐོ་ལས་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཆབ་སྲིད་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་འདུ་ཤེས། དཔེ་ལྟའི་འདུ་ཤེས་བཅས་བརྟན་པོར་ཆགས་པར་བྱེད་པ་དང་། སྲོལ་ཡིག་ལག་བསྟར་ནན་མོ་བྱས་ཏེ། ཏང་ཙུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གོ་གནས་རྦད་ཆོད་སྒོས་སྲུང་སྐྱོབ་བྱེད་རྒྱུ་འགན་སྲུང་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་རྦད་ཆོད་སྒོས་སྲུང་སྐྱོབ་བྱེད་དགོས་པར་མ་ཟད། ཁ་ཕྱོགས་གསལ་བོར་ཤེས་པར་བྱེད་པ་དང་ཁྱོན་ཡོངས་ལ་དོ་དམ་བྱེད་པ། དངོས་འབེབས་བྱ་བ་འགན་སྲུང་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཏང་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་སྟོབས་ལྡན་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བར་འགན་སྲུང་བྱེད་དགོས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་སྲོལ་ཡིག་ལག་བསྟར་བྱེད་པའི་ཁྲོད་ཀྱི་གནས་ཚུལ་དང་བསམ་ཚུལ་གལ་ཆེན་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་ཞུ་བྱེད་དགོས་པའི་རེ་བ་བཏོན།

སྲོལ་ཡིག་དེ་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཞི་བའི་ཚེས་དྲུག་ཉིན་ནས་བཟུང་ལག་བསྟར་བྱས་པ་དང་། ཉིས་སྟོང་བཅོ་ལྔ་ལོའི་ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན་ཀྲུང་གུང་ཀྲུང་དབྱང་གིས་འགྲེམ་སྤེལ་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཙུའུ་བྱ་བའི་ཚོད་ལྟའི་ལག་བསྟར་སྲོལ་ཡིག་དུས་མཉམ་དུ་ལག་བསྟར་བྱེད་མཚམས་འཇོག་དགོས།