ཝང་དབྱང་གིས་ཕ་ཁི་སི་ཐན་གྲོས་ཞུགས་ཁང་གི་ཀྲུའུ་ཞི་གཞོན་པར་མཇལ་འཕྲད་གནང་།
2019.04.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིན་ནས་ཕ་ཁི་སི་ཐན་གྲོས་ཞུགས་ཁང་གི་ཀྲུའུ་ཞི་གཞོན་པ་མན་ཏི་ཝེ་ཝ་ལར་མཇལ་འཕྲད་གནང་།


རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚེས་བཅོ་ལྔ་ཉིན་པེ་ཅིན་ནས་ཕ་ཁི་སི་ཐན་གྲོས་ཞུགས་ཁང་གི་ཀྲུའུ་ཞི་གཞོན་པ་མན་ཏི་ཝེ་ཝ་ལར་མཇལ་འཕྲད་གནང་།

ཝང་དབྱང་གིས་གསུང་རྒྱུར། ཀྲུང་གོ་དང་ཕ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་སྲ་ཞིང་བརྟན་ལ། ཉམས་སད་ཐེག་ཐུབ། མིག་སྔར། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་ཧ་ཅང་བཟང་བ་དང་། ཕྱོགས་གཉིས་ཀྱི་མཛའ་བརྩེ་མཉམ་ལས་ཐད་ནས་གྲུབ་འབྲས་མི་དམན་པ་བླངས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཕ་ཁི་སི་ཐན་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣའི་བར་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་ལག་བསྟར་ནན་མོ་བྱེད་པ་དང་། མཐོ་རིམ་བར་གྱི་འགྲོ་འོང་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པ། མི་གཞུང་བརྗེ་རེས་དམ་ཟབ་ཏུ་གཏོང་བ། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་སྤེལ་བ། དཔལ་འབྱོར་ཉོ་ཚོང་དངུལ་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་དགོས། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཕ་ཁི་སི་ཐན་གྱི་གྲོས་ཞུགས་ཁང་བར་གྱི་མཛའ་བརྩེ་འགྲོ་འོང་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།

མན་ཏི་ཝེ་ཝ་ལ་ཡིས་བསྟན་དོན། ཕ་ཁི་སི་ཐན་གྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་འཐབ་བྱས་ནས། ཕ་ཁི་སི་ཐན་དང་ཀྲུང་གོའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་བཟང་བོ་བྱེད་པ་དང་། མུ་མཐུད་དུ་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་རྒྱ་སྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མ་ཆད་པར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཞཱ་པོ་ལོང་མཇལ་འཕྲད་ལ་ཞུགས།