ལིས་ཁི་ཆང་གིས་ཀྲུང་གོ་དང་འཇར་པན་གྱི་དཔལ་འབྱོར་མཐོ་རིམ་གྲོས་མོལ་ཐེངས་ལྔ་བར་ཞུགས་པའི་འཇར་པན་སྲིད་གཞུང་གི་དཔོན་རིགས་སྐོར་ཞིག་ལ་མཇལ་འཕྲད་གནང་།
2019.04.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཀྲུང་གོ་དང་འཇར་པན་གྱི་དཔལ་འབྱོར་མཐོ་རིམ་གྲོས་མོལ་ཐེངས་ལྔ་བར་ཞུགས་པའི་འཇར་པན་སྲིད་གཞུང་གི་དཔོན་རིགས་སྐོར་ཞིག་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་ཐོག་མར་ཀྲུང་གོ་དང་འཇར་པན་གྱི་དཔལ་འབྱོར་མཐོ་རིམ་གྲོས་མོལ་ཐེངས་ལྔ་བ་བདེ་བླག་ངང་ཚོགས་པར་རྟེན་འབྲེལ་ཞུས། ཁོང་གིས་གསུངས་རྒྱུར། ཀྲུང་གོ་དང་འཇར་པན་ཕྱོགས་གཉིས་ཀྱིས་རང་མོས་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་པ་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྲིག་སྲོལ་བརྩི་སྲུང་བྱས་ཏེ། ཕ་རོལ་བའི་ཁེ་ལས་ལ་འདྲ་མཉམ་དྲང་བདེན་དང་སྣང་ཆུང་མི་བྱེད་པའི་ཚོང་གཉེར་ཁོར་ཡུག་མཉམ་དུ་གསར་སྐྲུན་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ན་ནིང་རྒྱལ་ཁབ་གཉིས་ཀྱིས་ཀྲུང་གོ་དང་འཇར་པན་གྱི་གསར་སྐྲུན་མཉམ་ལས་རྐྱེན་སྲོལ་འཛུགས་རྒྱུ་ཁྱབ་སྒྲོག་བྱས་པ་དང་གྲོས་ཚོགས་ཐེངས་དང་པོ་བདེ་བླག་ངང་ཚོགས། ཀྲུང་གོ་ཕྱོགས་ཀྱིས་ད་དུང་འཇར་པན་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་རང་མོས་ཉོ་ཚོང་ས་ཁུལ་དང་ཁུལ་ཁོངས་ཀྱི་ཁྱོན་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་མཐུན་གྲོས་མོལ་འཕེལ་རིམ་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། འཇར་པན་ཕྱོགས་ཀྱིས་ད་ལོའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཏ་པན་མཐོ་རིམ་གྲོས་ཚོགས་བཟང་བོར་བསྒྲུབ་པར་རྒྱབ་སྐྱོར་བྱེད་པ་ཡིན་ཟེར།

འཇར་པན་ཕྱོགས་ཀྱི་དཔོན་རིགས་ཀྱིས་བཤད་རྒྱུར། ན་ནིང་རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་ཕན་ཚུན་ལ་འཚམས་འདྲི་བྱས་ཏེ་གྲུབ་འབྲས་བཟང་བོ་བླངས་པ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་ཡང་བསྐྱར་དུ་རྒྱུན་ལྡན་བགྲོད་ལམ་དུ་ཞུགས། འཇར་པན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་པ་དང་སྣ་མང་ཁྱབ་ཁོངས་སུ་འབྲེལ་འདྲིས་དང་མཐུན་སྦྱོར་བཟང་བོ་བྱེད་འདོད་ཡོད་ཟེར།