ཞི་ཅིན་ཕིང་གིས་སི་རི་ལན་ཁ་ནས་བྱུང་བའི་འགས་གཏོར་དོན་རྐྱེན་རབ་དང་རིམ་པའི་ཐད་ནས་སི་རི་ལན་ཁའི་ཙུང་ཐུང་ལ་འཚམས་འདྲི་གློག་འཕྲིན་བཏང་།
2019.04.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

2019ལོའི་ཟླ་བཞི་བའི་ཚེས་ཉེར་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་རི་ལན་ཁ་ནས་བྱུང་བའི་འགས་གཏོར་དོན་རྐྱེན་རབ་དང་རིམ་པའི་ཐད་ནས་སི་རི་ལན་ཁའི་ཙུང་ཐུང་ཞི་ལེ་སའེ་ན་ལ་འཚམས་འདྲི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། ཁྱེད་རྒྱལ་ཁབ་ཀྱི་རྒྱལ་ས་ཁི་ལུན་ཕའོ་སོགས་ས་ཆ་ནས་འགས་གཏོར་དོན་རྐྱེན་རབ་དང་རིམ་པ་བྱུང་ནས་མི་སྣར་ཤི་རྨས་ཚབས་ཆེན་བྱུང་བར་ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་པ་མ་ཟད་ང་རང་ཉིད་ཀྱི་མིང་ཐོག་ནས། རྐྱེན་ལམ་དུ་ཤོར་བའི་མི་སྣར་སེམས་གཏིང་ནས་མྱ་ངན་ཞུ་བ་དང་། རྨས་མ་དང་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ཁྱིམ་མི་ལ་འཚམས་འདྲི་ཞུས་པ་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་བློ་བརྟན་འགྱུར་མེད་ཀྱིས་སི་རི་ལན་ཁའི་མི་དམངས་དང་མཉམ་དུ་འགྲེང་ནས། སི་རི་ལན་ཁས་རྒྱལ་ཁབ་ཀྱི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྱང་ཟླ་བཞི་བའི་ཚེས་ཉེར་གཅིག་ཉིན་སི་རི་ལན་ཁའི་ཙུང་ལི་ཝེ་ཁི་ལ་མཱ་ཞིན་ཧྭ་ལ་འཚམས་འདྲི་གློག་འཕྲིན་བཏང་།