བློ་མཐུན་ཞའོ་དབྱང་གི་བེམ་པོ་པེ་ཅིན་པ་པོ་རི་བོའི་གསར་བརྗེ་བང་སོ་ནས་སྦྱིན་སྲེག་བྱས། 
2019.04.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 41

ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན། བློ་དཀར་པོའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ། རང་རྒྱལ་སྲིད་ཁྲིམས་འཐབ་ཕྱོགས་ཀྱི་ཕུལ་བྱུང་འགོ་ཁྲིད་པ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་སྔོན་ཆད་ཀྱི་ཡོན་ཀྲང་བློ་མཐུན་ཞའོ་དབྱང་གི་བེམ་པོ་ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན་པེ་ཅིན་པ་པོ་རི་བོའི་གསར་བརྗེ་བང་སོ་ནས་སྦྱིན་སྲེག་བྱས། 

བློ་མཐུན་ཞའོ་དབྱང་ལ་སྙུང་གཞི་ཕོག་ནས་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཞི་བའི་ཚེས་བཅུ་དགུ་ཉིན་གྱི་དུས་ཚོད་བཞི་དང་སྐར་མ་ང་བརྒྱད་ཀྱི་སྟེང་པེ་ཅིན་ནས་སྐུ་གཤེགས་པ་དང་དགུང་ལོ་གྱ་གཅིག་རེད།

ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར་པེ་ཅིན་པ་པོ་རི་བོའི་གསར་བརྗེ་བང་སོའི་ཚོམས་ཁང་དུ་བློ་མཐུན་ཞའོ་དབྱང་ལ་མྱ་ངན་ཞུ་བའི་མཛད་སྒོ་བསྡུས་པ་དང་། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་བློ་མཐུན་ཞའོ་དབྱང་གི་བེམ་པོའི་མདུན་དུ་ཕེབས་ཏེ་གུས་བ་ལན་གསུམ་བྱས་པར་མ་ཟད་བློ་མཐུན་ཞའོ་དབྱང་གི་གཉེན་ཉེ་ལ་ཕྱག་འཇུ་གནང་ཞོར་དུ་འཚམས་འདྲི་ཞུས།

བློ་མཐུན་ཞའོ་དབྱང་ལ་སྙུང་གཞི་ཕོག་པའི་སྐབས་དང་སྐུ་གཤེགས་པའི་རྗེས་སུ། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན། ཅང་ཙེ་མེན། ཧུའུ་ཅིན་ཐོ་སོགས་བློ་མཐུན་སྨན་ཁང་དུ་ཕེབས་ཏེ་འཚམས་འདྲི་ཞུས་པ་དང་ཡང་ན་རྣམ་པ་སྣ་ཚོགས་སྤྱད་དེ་བློ་མཐུན་ཞའོ་དབྱང་སྐུ་གཤེགས་པར་མྱ་ངན་ཞུས་པར་མ་ཟད། ཁོའི་གཉེན་ཉེ་ལ་འཚམས་འདྲི་ཞུས།