ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས།
2019.04.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་དང་པོ་བསྡུས་ཤིང་། ཚོགས་ཐོག་ནས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་མཐར་ཕྱིན་བྱས་ནས། ཞིང་ཆེན་ཡོངས་ཀྱི་དུས་ཚིགས་དང་པོའི་དཔལ་འབྱོར་གནས་སྟངས་ལ་དབྱེ་ཞིབ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་ཚོང་གཉེར་ཁོར་ཡུག་ལེགས་བཅོས་གཏོང་བའི་སྐོར་གྱི་བྱ་བའི་སྙན་ཞུ་དང་། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ནུབ་ཁུལ། མཚོ་བྱང་ཁུལ་བཅས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་སྙན་ཞུ་བཅས་ལ་རིམ་པར་ཉན་པ་ལས་གཞན། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་དང་། ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཉིང་ཚོགས་འདུར་ཞུགས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་དང་། ཞིང་ཆེན་ཏང་ཨུའི་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་ཡུས་པོ་དང་ཐེན་ཅིན་ཁྲིན། ཀྲང་ལིས་བཅས་ཚོགས་འདུར་ཞུགས།

གྲོས་ཚོགས་ལས་བསྟན་དོན། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སེམས་ཁུར་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་གྱི་གནད་དོན་འབུར་ཐོན་ཐག་གཅོད་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་དངོས་འབེབས་མཐར་ཕྱིན་བྱེད་རྒྱུ་གཞི་གཅིག་ཏུ་སྦྲེལ་ཏེ། ཁྱོན་ཡོངས་ནས་ཀྲུང་དབྱང་དབུལ་ཐར་མཁྲེགས་གཏོར་གྱི་ཆེད་དོན་སྐོར་ཞིབ་གནད་དོན་ལེགས་སྒྲིག་བྱ་བ་དང་དམ་པོར་སྦྲེལ་དགོས་པ་ལས་གཞན། ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་གཏོང་བ་དང་ཆབ་སྲིད་ཀྱི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། ད་དུང་དབུལ་ཐར་མ་བྱས་པའི་མང་ཚོགས་ཀྱི་ཕྱོགས་སུ་སྟོབས་ཤུགས་གཅིག་བསྡུས་བྱེད་པ། དབུལ་ཕོངས་ས་ཁུལ་ལ་སྟོབས་ཤུགས་ཅི་ཡོད་འདོན་པ། བྱེད་ཐབས་ནུས་ལྡན་དང་བྱེད་ཕྱོགས་བདེན་ཐུབ་སྤྱད་དེ། སྤུས་ཚད་མཐོ་བའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཐོབ་པར་འབད་དགོས། ཏང་ཀྲུང་དབྱང་གི་ད་ལོའི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་སྤྱིའི་བླང་བྱར་གོ་བ་མ་ནོར་བ་བླངས་ནས། ཀྲུང་དབྱང་དཔལ་འབྱོར་བྱ་བ་སྔར་ལས་སྲ་བརྟན་ཅན་དུ་གཏོང་བ་དང་ཇེ་དྲག་ཏུ་གཏོང་བ། མཐོར་འདེགས་སུ་གཏོང་བ། གེགས་མེད་བཅས་ཀྱི་ཐབས་ཇུས་ལག་ལེན་གཏིང་ཟབ་བྱེད་དགོས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱ་བ་གཙོ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མཁྲེགས་གཏོར་ཆེན་པོ་གསུམ་ལ་བརྟེན་ནས། སྟོབས་ཤུགས་གཅིག་བསྡུས་སྒོས་དངོས་འབེབས་བྱ་བ་དམ་པོར་བཟུང་མཐར། གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པར་བསུ་མ་བྱེད་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ད་ལོའི་དུས་ཚིགས་དང་པོའི་ནང་དུ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་རྣམ་པ་ལེགས་པས། གྲུབ་འབྲས་འདི་ལྟ་བུ་ཐོབ་རྒྱུ་ནི་ལས་སླ་མོ་ཞིག་གཏན་ནས་མིན། བརྟན་འཇགས་ཀྱི་ཁྲོད་ནས་འཕར་སྣོན་འབྱུང་བར་བྱེད་པ་རྒྱུན་འཁྱོངས་དང་། དངོས་ཐོག་བདེན་འཚོལ་ལ་བརྟེན་ནས་མཚོ་སྔོན་གྱི་འཕེལ་རྒྱས་དུས་རིམ་དང་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བལྟ་བ། དཔལ་འབྱོར་མར་འགྲིབ་པའི་གནོན་ཤུགས་ཐེག་ཐུབ་བྱེད་པ། ཡིད་ཆེས་ཇེ་བརྟན་དང་གཏད་ཤུགས་རྒྱུན་འཁྱོངས་བྱེད་པ། གོ་སྐབས་དམ་འཛིན་དང་མ་འོངས་པར་འཆར་གཞི་ལེགས་པོ་འཐེན་པར་འབད་དེ། ལོ་སྟོད་ཀྱི་འོས་འགན་ཡོངས་འགྲུབ་བྱེད་དགོས་ཟེར།

ཡིག་སྒྱུར་བ། བན་དེ་སྐྱབས།