ཧན་ཀྲིན་ཧའེ་ནན་གྱི་བཅོས་བསྒྱུར་སྒོ་འབྱེད་ཁྱོན་ཡོངས་ཟབ་སྤེལ་འགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ལ་ཞུགས།
2019.04.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 58

ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཧའེ་ནན་གྱི་བཅོས་བསྒྱུར་སྒོ་འབྱེད་ཁྱོན་ཡོངས་ཟབ་སྤེལ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་གྱིས་འགོ་མཛིན་མཛད་དེ་ཧའེ་ནན་གྱི་བཅོས་བསྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་འགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཧའེ་ནན་གྱི་བཅོས་བསྒྱུར་སྒོ་འབྱེད་ཁྱོན་ཡོངས་ཟབ་སྤེལ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་གྱིས་ཚེས་ཉེར་གཉིས་ཉིན་འགོ་མཛིན་མཛད་དེ་ཧའེ་ནན་གྱི་བཅོས་བསྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་འགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཧའེ་ནན་གྱི་བཅོས་བསྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ་མ་ཟད། 2019ལོའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས།

ཧན་ཀྲིན་གྱིས་བསྟན་དོན། འདས་པའི་ལོ་གཅིག་ནང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བརྟན་པོ་འོག འབྲེལ་ཡོད་སྡེ་ཁག་དང་ཧའེ་ནན་ཞིང་ཆེན་གྱིས་མཉམ་དུ་འབད་འཐབ་བྱས་ནས། ཧའེ་ནན་གྱི་བཅོས་བསྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་འགོ་བཟང་བོ་རྩོམ་པར་སྐུལ་འདེད་བཏང་བ་དང་། རང་དབང་ཉོ་ཚོང་ཁུལ་འཛུགས་སྐྲུན་ཐད་ནས་ཐོག་མའི་གྲུབ་འབྲས་བླངས་ལ། རྒྱལ་སྤྱིའི་གནས་སྐོར་འཛད་སྤྱོད་ལྟེ་གནས་འཛུགས་སྐྲུན་དང་རྩོལ་ནུས་སྟེགས་བུ་གལ་ཆེན་འཛུགས་སྐྲུན་བྱ་བ་བརྟན་བརླིང་ངང་སྤེལ། གོ་རིམ་རྗེས་མར། ཁྱབ་ཁོངས་གཙོ་བོ་དང་གནད་འགག་བྱ་བར་དམ་འཛིན་བྱེད་པ་དང་། བྱ་བ་སྣ་ཚོགས་བརྟན་བརླིང་ངང་སྤེལ་བ། འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་འདིང་པ། མི་རྒྱུན་དང་དངོས་སྐྱེལ། ཚོང་རྫས། མ་དངུལ་གྱི་འཁོར་རྒྱུག་མཐོར་འདེགས་བཏང་སྟེ། ཧའེ་ནན་གྱི་བཅོས་བསྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་ཐད་ནས་སྣང་ཚུལ་གསར་བ་མངོན་པ་དང་། ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས་ཟེར།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། ཧའེ་ནན་འཕེལ་རྒྱས་ཀྱི་གནས་ཐིག་གཏན་ཁེལ་ལ་ཟུང་འབྲེལ་བྱས་ནས། ཁྱད་འཕགས་དགེ་མཚན་འདོན་སྤེལ་བྱེད་པ་དང་། སྤོབས་པ་ཆེན་པོས་ཚོད་ལྟ་དང་དངོས་གཉེར་བྱེད་པ། རང་བདག་སྒོས་བཅོས་བསྒྱུར་བྱས་ཏེ། རང་དབང་ཉོ་ཚོང་ཁུལ་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་ལེན་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་རང་དབང་ཉོ་ཚོང་གྲུ་ཁའི་སྲིད་ཇུས་དང་ལམ་ལུགས་མ་ལག་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། རང་དབང་ཉོ་ཚོང་གྲུ་ཁའི་སྤྱི་ཁོག་གི་ཇུས་གཞི་འདོན་དགོས། རྩོལ་ནུས་སྟེགས་བུ་གལ་ཆེན་འཛུགས་སྐྲུན་བྱེད་པར་དམ་འཛིན་བྱེད་པ་དང་། པའོ་ཨོ་རྒྱལ་སྤྱིའི་སྨན་བཅོས་གནས་སྐོར་སྔོན་བསྐྱོད་ཁུལ་དང་དབྱང་ཕུའུ་གྲུ་ཁ། དབྱང་ཕུའུ་གསར་སྤེལ་ཁུལ་བཅས་འཛུགས་སྐྲུན་ཐད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། རྨང་གཞི་སྒྲིག་ཆས་གལ་ཆེན་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཡུན་རིང་འཕེལ་རྒྱས་ལ་རྐང་འཛུགས་པ་དང་གནད་འགག་ལས་གཞི་དམ་འཛིན་བྱས་ནས། གྲུ་ཁའི་འཛུགས་སྐྲུན་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་བ་དང་། ཆ་འཕྲིན་ཅན་དང་དྲ་རྒྱའི་སྒྲིག་འཛུགས་སྐྲུན་ལ་སྔ་མོ་ནས་འཆར་འགོད་བྱེད་དགོས། ཤེས་ལྡན་མི་སྣ་འཕེལ་རྒྱས་སུ་གཏོང་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་ཆེད་ལས་ཅན་གྱི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པ་དང་། འཕེལ་རྒྱས་ཀྱི་བར་སྟོང་ཆེན་པོ་དང་འཕེལ་རྒྱས་ཀྱི་སྟེགས་བུ་བེད་སྤྱད་དེ་ཤེས་ལྡན་མི་སྣ་སྔར་ལས་མང་པོ་ནང་འདྲེན་བྱེད་དགོས་ཟེར།

ཧུའུ་ཁྲུན་ཧྭ་དང་ཧི་ལིས་ཧྥུན། ཧའེ་ནན་གྱི་བཅོས་བསྒྱུར་སྒོ་འབྱེད་ཁྱོན་ཡོངས་ཟབ་སྤེལ་འགོ་ཁྲིད་ཚན་ཆུང་གི་ཁོངས་མི། འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་གྲོས་ཚོགས་ལ་ཞུགས།