རྒྱལ་ཡོངས་སྲིད་གྲོས་ཏང་ཕྱིའི་ཨུ་ཡོན་གྱིས་མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་ལྟ་ཞིབ་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས།
2019.04.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན།  རྒྱལ་ཡོངས་སྲིད་གྲོས་ཏང་ཕྱིའི་ཨུ་ཡོན་གྱིས་མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་ལྟ་ཞིབ་བྱེད་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས།  རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན།  ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་སྔོན་གྱི་ཀྲུའུ་ཞི་གཞོན་པ་ཝུན་སི་མེ་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་།  མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་བྱ་བའི་སྙན་ཞུ་ཕུལ།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཏི་ཀྲི་ཡིས་ཚོགས་འདུར་འགོ་འཛིན་མཛད།

ཝུན་སི་མེ་ཡིས་བསྟན་དོན།  མཚོ་སྔོན་གྱིས་དབུལ་ཐར་མཁྲེགས་གཏོར་བྱ་བར་མཐོང་ཆེན་ཚད་མེད་བྱེད་ཀྱིན་ཡོད།  ཐེངས་འདིའི་ལྟ་ཞིབ་བྱ་འགུལ་གྱིས་མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་འཕེལ་རིམ་གནས་ཚུལ་རྒྱུས་ལོན་བྱས་པ་བརྒྱུད།  རྒྱལ་ཁའི་ཉམས་མྱོང་སྤྱི་སྡོམ་དང་།  མཉམ་དུ་དཀའ་ཁག་དང་ཤུགས་ཞན་པའི་གོ་རིམ་རྩད་ཞིབ་བྱེད་པ།   ཏང་ཕྱིའི་ཨུ་ཡོན་གྱི་བློ་རིག་དང་ཐུན་མོང་མ་ཡིན་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས།   དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལ་རྒྱལ་ཁ་ལེན་པར་བློ་འདོན་ཇུས་འབུལ་བྱེད་པ་དང་།  སྲིད་དོན་ལ་ཇུས་འདོན་དང་ངོས་འཛིན་གོང་བུ་གཅིག་གྱུར་གྱི་ཤུགས་འདོན་ཟུང་མངོན་འགྱུར་ཡོང་བ་བྱེད་དགོས།

ཝུན་སི་མེ་ཡིས་ནན་གྱིས་བསྟན་དོན།  ད་ལོའི་དབུལ་ཐར་མཁྲེགས་གཏོར་བྱ་བས་སང་ལོའི་ལས་དོན་མཇུག་བསྡུ་བར་དོན་སྙིང་གལ་ཆེན་བསྐྲུན་པ་ཁག་ཐེག་བྱེད་པ་དང་།  སྔར་ལས་ལྷག་པར་དབུལ་ཐར་སྤུས་ཚད་མཐོར་འདེགས་གཏོང་དགོས།  ཡང་བསྐྱར་དབུལ་པོར་འགྱུར་བར་སྔོག་འགོག་དང་ཇེ་ཉུང་གཏོང་དུ་དགོས།  དབུལ་ཐར་སྤུས་ཚད་མཐོར་འདེགས་གཏོང་བ་དམིགས་སུ་བཟུང་ནས།  ཧུར་ཐག་གིས་དབུལ་ཕོངས་ཁྱིམ་ཚང་དབུལ་ཐར་བྱས་རྗེས་ཕྱིར་དབུལ་པོར་འགྱུར་བར་སྔོན་འགོག་དང་ཇེ་ཉུང་དུ་གཏོང་བའི་རྐྱེན་སྲོལ་བཙུགས་ནས་འགན་སྲུང་བྱེད་པ་དང་།  སེམས་ཁུར་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་གྱི་འབུར་ཐོན་གནད་དོན་གཙོ་ཤུགས་སུ་བཟུང་ནས།  མང་ཚོགས་ཀྱི་སློབ་གསོ་དང་སྨན་བཅོས།  སྡོད་ཁང་སོགས་ཕྱོགས་ཀྱི་གནད་དོན་ཐག་གཅོད་ལེགས་པོ་བྱེད་དགོས།  སྔར་ལས་ལྷག་པའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་དང་ཞིང་སྡེའི་དར་རྒྱས་འཐབ་ཇུས་ཀྱི་འབྲེལ་མཐུད་ལེགས་པོར་སྒྲུབ་ནས།  ཀྲུང་དབྱང་གི་འབྲེལ་ཡོད་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱེད་པ་དང་།  དབུལ་ཐར་མཁྲེགས་གཏོར་གྱི་མིག་རྒྱང་རིང་བའི་འཕེལ་རྒྱས་དང་ཞིང་སྡེའི་དར་རྒྱས་འཐབ་ཇུས་ཀྱི་འབྲེལ་མཐུད་བྱ་བ་བཟང་པོར་སྒྲུབ་དགོས་ལ།  དུས་ལྟར་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལ་རྒྱལ་ཁ་ལེན་པའི་ཆོད་སེམས་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས་ཟེར།

ཚོགས་ཐོག་ཏུ།  ལྟ་ཞིབ་ཚོགས་པའི་མི་སྣ་དང་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་དབུལ་ཐར་མཁྲེགས་གཏོར་ཐད་ནས་བསམ་ཚུལ་བརྗེ་རེས་བྱས།

ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་ལྔ་ཉིན་བར།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཏང་ཕྱིའི་ཨུ་ཡོན་གྱི་ལྟ་ཞིབ་ཚོགས་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་།  མཚོ་ཤར་གྲོང་ཁྱེར་གྱི་འབྲེལ་ཡོད་རྫོང་ཁག་དང་ཞང་།  སྡེ་བ་སོགས་སུ་སོང་ནས་ཡུལ་དངོས་ལྟ་ཞིབ་བྱེད་རྒྱུ་ཡིན་པ་དང་།  ཞང་སྡེ་རུ་བསྐྱོད་ནས་གཞི་རིམ་འཐུས་ཚབ་པ་དང་ལྷན་དུ་བཞུགས་མོལ་བརྗེ་རེས་བྱེད་པ་དང་།  དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལ་རྒྱལ་ཁ་ལེན་པར་བློ་རིག་དང་སྟོབས་ཤུགས་ཀྱི་རོགས་སྐྱོར་གང་ལེགས་བྱེད་རྒྱུ་རེད།