ཞི་ཅིན་ཕིང་གིས་ཀྲི་ལིའི་ཙུང་ཐུང་དང་གྲོས་མོལ་མཛད།
2019.04.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་བཞི་བའི་ཚེས་ཉེར་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲི་ལི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་སའེ་ཝ་ཏིས་ཨན.ཕིས་ཉེ་ལཱ.ཨེ་ཆེ་ཉི་ཁི་དང་གྲོས་མོལ་མཛད།

ཟླ་བཞི་བའི་ཚེས་ཉེར་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲི་ལི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་སའེ་ཝ་ཏིས་ཨན.ཕིས་ཉེ་ལཱ.ཨེ་ཆེ་ཉི་ཁི་དང་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲི་ལི་ནི་ཀྲུང་གོ་གསར་བ་དང་འབྲེལ་བ་བཙུགས་པའི་མེ་གླིང་ལྷོ་མའི་རྒྱལ་ཁབ་ཐོག་མ་ཡིན་ལ། ཀྲུང་གོའི་ཚོང་རའི་དཔལ་འབྱོར་ཆ་ཚང་གི་གོ་གནས་ཁས་བླངས་པ་དང་ཀྲུང་གོའི་བར་ཕྱོགས་གཉིས་རང་དབང་ཉོ་ཚོང་གྲོས་མཐུན་བཀོད་པ་མ་ཟད་རིམ་སྤོར་བྱས་པའི་ལ་ཏིང་མེ་གླིང་རྒྱལ་ཁབ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་མཉམ་ལས་ཀྱི་གྲོགས་པོ་གལ་ཆེན་ཡང་ཡིན་པ་དང་། ཀྲུང་གོ་དང་ཀྲི་ལིའི་འབྲེལ་བ་ཡུན་རིང་བོར་ཀྲུང་གོ་དང་ལ་ཏིང་མེ་གླིང་འབྲེལ་བའི་མདུན་གྲས་སུ་བསྐྱོད་བཞིན་ཡོད། ང་ཚོས་མུ་མཐུད་དུ་ཀུན་གྱིས་མདུན་དུ་བསྐྱོད་པའི་སྙིང་སྟོབས་དར་སྤེལ་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་རྒྱུ་དེ་གོ་སྐབས་གསར་བར་བརྩིས་ཏེ། ཆབ་སྲིད་རྟོན་རེས་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོ་དང་ཀྲི་ལིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱེད་པ་དང་། ཁྱབ་ཁོངས་གཙོ་བོ་དང་ལས་གཞི་གཏན་ཁེལ་གསལ་བོ་བྱས་ནས། ཀྲི་ལི་དང་ལ་ཏིང་མེ་གླིང་ས་ཁུལ་གྱི་མཉམ་འབྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་ཀྱིས་ཉོ་ཚོང་དང་དངུལ་གཏོང་གི་སྤུས་ཚད་མཐོར་འདེགས་དང་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་སྟེ། གཏེར་ལས་དང་དྭངས་གཙང་ནུས་ཁུངས། ཆ་འཕྲིན་འཕྲིན་གཏོང། གློག་རྡུལ་ཚོང་དོན། ཚན་རྩལ་གསར་གཏོད། ལྷོ་སྣེའི་ཚན་རིག་ཞིབ་འཇུག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས། སང་ལོའི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ལྔ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་བཟང་བོར་སྤེལ་ནས། དམངས་སེམས་གཅིག་སྦྲེལ་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོས་ཀྲི་ལི་ཕྱོགས་ཀྱིས་ད་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་དང་། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་གྲོས་ཚོགས་གཙོ་སྒྲུབ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་དང་།  མཉམ་དུ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རང་དབང་ཉོ་ཚོང་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་མང་རིང་ལུགས་དང་ཕྱོགས་མང་ཉོ་ཚོང་སྒྲིག་གཞི་ལ་སྲུང་སྐྱོབ་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅཱ་ལི་པིས་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་ངོ་བོ་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་དཔལ་འབྱོར་མཉམ་ལས་ཡིན་པས། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཕན་ཚུན་ལ་རོགས་སྐྱོར་དང་རྒྱབ་སྐྱོར་བྱེད་པ་དང་། དགེ་མཚན་ཁ་གསབ་བྱེད་པ། གཉིས་ཕན་མཉམ་རྒྱལ་བྱས་ཏེ། མཉམ་དུ་འཕེལ་རྒྱས་དར་སྤེལ་མངོན་འགྱར་བྱེད་པ་དང་། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ཕིས་ཉེ་ལཱ་ཡིས་བསྟན་དོན། ཀྲི་ལི་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་པའི་ལོ་ངོ་ལྔ་བཅུའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གོང་འཕེལ་དུ་སོང་བ་དང་།  ཀྲི་ལི་ཡིས་ཀྲུང་གོའི་རྒྱུན་རིང་བའི་ལོ་རྒྱུས་རིག་གནས་ལ་ཡིད་སྨོན་བྱེད་ཀྱིན་ཡོད་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུའི་རིང་བླངས་པའི་གྲུབ་འབྲས་ཆེན་པོ་དང་མིའི་རིགས་ཀྱི་ཆེད་དུ་བཞག་པའི་བྱས་རྗེས་ལ་གདེང་འཇོག་ཚད་མཐོན་པོ་བྱེད་ཀྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་གྲོས་གཞིས་གནའ་བོའི་དར་གོས་ཚོང་ལམ་གྱི་འོད་སྟོང་འབར་བའི་ལོ་རྒྱུས་ཡང་བསྐྱར་མངོན་པར་བྱས་ཡོད་པ་དང་། དུས་རབས་གསར་བའི་འཛམ་གླིང་རིག་གནས་ཀྱི་བརྗེ་རེས་ལ་སྐུལ་འདེད་བཏང་། ཀྲི་ལི་ཡིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པར་རྒྱབ་སྐྱོར་བྱེད་པ་ དང་། ས་ཁུལ་གྱི་མཉམ་འབྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་བཞིན་ཡོད། ཀྲི་ལི་ཕྱོགས་ཀྱིས་ཀྲུང་གོའི་གསར་གཏོད་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་ཀྱི་ཉམས་མྱོང་བཟང་བོར་དཔེ་ལྟ་བྱེད་པ་དང་། འབྲེལ་ཡོད་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་རྒྱ་སྐྱེད་འདོད་ཡོད། ཀྲི་ལི་ཡིས་ཕྱོགས་མང་རིང་ལུགས་དང་ཕྱོགས་མང་ཉོ་ཚོང་མ་ལག་སྲུང་སྐྱོབ་བྱེད་པར་འབད་འཐབ་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོའི་བར་གྱི་ཁུལ་ཁོངས་དང་ཕྱོགས་མང་ལས་དོན་ཐད་ཀྱི་མཐུན་སྦྱོར་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། མུ་མཐུད་དུ་ལ་ཏིང་མེ་གླིང་དང་ཀྲུང་གོའི་འབྲེལ་བའི་ཁྲོད་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ལ། ཀྲི་ལིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོངས་པར་ཡིད་ཆེས་དང་རེ་སྒུག་བྱེད་ཀྱིན་ཡོད་ཟེར།

གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ད་དུང་མཉམ་དུ་ཕྱོགས་མང་མཉམ་ལས་སྐོར་གྱི་ཡིག་ཆ་འགོད་པར་བདེན་དཔང་བྱས།

གྲོས་མོལ་མ་བྱས་གོང་དུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མའི་ནང་མཛད་སྒོ་བསྡུས་ནས། ཀྲི་ལིའི་ཙུང་ཐུང་ཕིས་ཉེ་ལཱ་ཡིས་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱས་པར་བསུ་མ་ཞུས།


ཡིག་སྒྱུར་བ། རིན་ཆེན་མཚོ།