རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་འཆད་ཁྲིད་ཐེངས་བཅུ་གཅིག་པ་བསྡུས།
2019.04.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁ་བྱང་ལ་གོ་སྐབས་དམ་འཛིན་བྱས་ནས་རྨང་གཞིའི་ཞིབ་འཇུག་སྤུས་ཚད་མཐོན་པོའི་འཕེལ་རྒྱས་སུ་གཏོང་དགོས་ཞེས་པའི་ཆེད་དོན་འཆད་ཁྲིད་ཐེངས་བཅུ་གཅིག་པ་བསྡུས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་འཆད་ཁྲིད་ལ་འགོ་མཛིན་མཛད།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྨང་གཞི་ཞིབ་འཇུག་གི་ཚན་རྩལ་གསར་གཏོད་ཁྲོད་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ནུས་པར་ཧ་ཅང་མཐོང་ཆེན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་པོར་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པའི་ཐད་ནས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། ཆེད་དོན་འཆད་ཁྲིད་དེས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་གཏོད་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སློབ་སྦྱོང་དང་རྒྱུས་ལོན། ལག་ལེན་མཐར་ཕྱིན་བྱེད་པ་དང་།  ཁྲིམས་ལྟར་ཚན་རྩལ་གསར་གཏོད་དང་ལྷག་པར་དུ་རྨང་གཞིའི་ཞིབ་འཇུག་ལ་འགན་སྲུང་དང་སྐུལ་འདེད་གཏོང་བའི་འགན་འཁྲི་དང་ལས་འགན་ཕྲག་ཏུ་ལེན་པར་ཕན་འདོགས་ཐུབ། སློབ་སྦྱོང་གཏིང་ཟབ་བྱས་པ་བརྒྱུད་དེ། གནས་ཚུལ་སྔར་ལས་མང་པོ་རྒྱུས་ལོན་བྱེད་པ་དང་བློ་སྒོ་འབྱེད་པ། འབྲེལ་ཡོད་ཁྲིམས་འཛུགས་དང་ལྟ་སྐུལ་བྱ་བ་བཟང་བོར་བསྒྲུབ་པ། ཚན་རྩལ་གསར་གཏོད་ཐད་ཀྱི་བཅའ་ཁྲིམས་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་ནས། འབྲེལ་ཡོད་ཕྱོགས་ཀྱིས་རང་རྒྱལ་གྱི་ཚན་རྩལ་གསར་གཏོད་ལ་བཀག་འགོག་བྱེད་པའི་རྨང་གཞིའི་ཁྱབ་ཁོངས་ཀྱི་གནད་དོན་མྱུར་དུ་ཐག་གཅོད་པར་སྐུལ་འདེད་གཏོང་དགོས་ཟེར། 

རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ལིས་ཅིན་ཧའེ་ཡིས་འགྲེལ་བཤད་གཏིང་ཟབ་བྱས། ཁོས་བཤད་རྒྱུར། ཚན་རྩལ་གསར་གཏོད་ཀྱི་འགོ་ཁུངས་ཡིན་པའི་ཆ་ནས། རྨང་གཞིའི་ཞིབ་འཇུག་དེ་རང་རྒྱལ་གྱི་འགོ་ཁུངས་ཀྱི་གསར་གཏོད་ནུས་པ་དང་རྒྱལ་སྤྱིའི་ཚན་རྩལ་འགྲན་རྩོད་ནུས་པ་མཐོར་འདེགས་སུ་གཏོང་བར་འབྲེལ་བ་ཡོད་ལ། འཛམ་གླིང་གི་ཚན་རྩལ་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ལ་རག་ལས་པ་དང་། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བའི་ཐད་རྨང་གཞི་རང་བཞིན་གྱི་ནུས་པ་འདོན་ཐུབ་ཟེར།


ཡིག་སྒྱུར་བ། རིན་ཆེན་མཚོ།