ཀྲུང་དབྱང་དྲིལ་སྒྲོག་པུའུ་སོགས་ལས་ཁུངས་ཀྱིས་ཉིས་སྟོང་བཅུ་དགུ་ལོའི་ཆེས་མཛེས་པའི་ཚན་རྩལ་བྱ་བ་སྒྲུབ་མཁན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱ་འགུལ་སྤེལ་བའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས།
2019.05.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཉེ་ལམ། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་གོ་ཚན་རྩལ་མཐུན་ཚོགས། ཚན་རྩལ་པུའུ། ཀྲུང་གོ་ཚན་རིག་གླིང་། ཀྲུང་གོ་བཟོ་སྐྲུན་གླིང་། རྒྱལ་སྲུང་ཚན་བཟོ་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་ཉིས་སྟོང་བཅུ་དགུ་ལོའི་ཆེས་མཛེས་པའི་ཚན་རྩལ་བྱ་བ་སྒྲུབ་མཁན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱ་འགུལ་སྤེལ་བའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས་ཏེ། སྤྱི་ཚོགས་ཡོངས་སུ་ཆེས་མཛེས་པའི་ཚན་རྩལ་བྱ་བ་སྒྲུབ་མཁན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱ་འགུལ་རྒྱ་ཆེར་སྤེལ་དགོས་པའི་རེ་བ་བཏོན།

བརྡ་ཐོའི་ནང་བསྟན་དོན། ཆེས་མཛེས་པའི་ཚན་རྩལ་བྱ་བ་སྒྲུབ་མཁན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱ་འགུལ་སྤེལ་བ་ནི་སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱེད་པའི་བྱ་བ་གལ་ཆེན་ཞིག་ཡིན་པ་དང་ཚན་རྩལ་བྱ་བ་སྒྲུབ་མཁན་གྱི་ཆབ་སྲིད་སྣེ་ཁྲིད་དང་ཆབ་སྲིད་དང་ལེན་བྱ་བར་ཤུགས་སྣོན་པའི་དོན་དངོས་བྱེད་ཐབས་ཤིག་ཡིན། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་བྱ་འགུལ་གྱི་དོན་སྙིང་གསལ་བོར་ཤེས་པར་བྱས་ཏེ། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་ཞིང་སེམས་ཞིབ་མོས་འཆར་འགོད་དང་བཀོད་སྒྲིག་བྱེད་པ་དང་། ཧུར་ཐག་དང་བརྟན་འཇགས་སྒོས་འབྲེལ་ཡོད་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས་བྱ་འགུལ་གོ་རིམ་ལྡན་ཞིང་ཕན་འབྲས་ཡོད་པའི་སྒོ་ནས་སྤེལ་རྒྱུ་འགན་སྲུང་བྱེད་དགོས། བརྒྱུད་གཏོང་ཕན་འབྲས་ཁྲིད་ཕྱོགས་བྱས་ཏེ་གཅིག་གྱུར་སྒོས་འཆར་འགོད་དང་མཐུན་སྦྱོར་བྱེད་པ་དང་། ཤུགས་ཆེན་པོས་སློབ་སྦྱོང་དང་དྲིལ་སྒྲོག་བྱ་འགུལ་གྱི་འདུ་ཤེས་དང་ནང་དོན། སྒྲུབ་སྟངས་སོགས་ལ་ཁྱོན་ཡོངས་ནས་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ལ། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པར་བརྟེན་ནས་མུ་མཐུད་དུ་བྱ་འགུལ་གྱི་ཡིད་དབང་འགུག་ཤུགས་དང་སྣེ་ཁྲིད་ནུས་ཤུགས་ཇེ་ཆེར་གཏོང་དགོས་ཟེར།

བརྡ་ཐོའི་བཀོད་སྒྲིག་ལྟར། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་གོ་ཚན་རྩལ་མཐུན་ཚོགས། ཚན་རྩལ་པུའུ། ཀྲུང་གོ་ཚན་རིག་གླིང་། ཀྲུང་གོ་བཟོ་སྐྲུན་གླིང་། རྒྱལ་སྲུང་ཚན་བཟོ་ཅུའུ་བཅས་ཀྱིས་ས་གནས་སོ་སོས་མཚམས་སྦྱོར་བྱས་པའི་གནས་ཚུལ་ཕྱོགས་བསྡུས་བྱས་ཏེ་ཆེས་མཛེས་པའི་ཚན་རྩལ་བྱ་བ་སྒྲུབ་མཁན་བཅུ་བདམས་ནས་ཉིས་སྟོང་བཅུ་དགུ་ལོའི་ཟླ་བདུན་པའི་ཟླ་དཀྱིལ་ལ་པེ་ཅིན་ནས་འགྲེམ་སྤེལ་མཛད་སྒོ་སྐབས་གཉིས་པ་བསྡུ་རྒྱུ་རེད།