མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་གནས་ལོ་རྒྱུས་རྩོམ་སྒྲིག་གི་ཁྱོན་ཡོངས་དམིགས་འབེན་གཉིས་ཀྱི་བྱ་བའི་བཀོད་གཏོང་གྲོས་ཚོགས་ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་ས་གནས་ལོ་རྒྱུས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིག་ཉིང་གིས་ཞིང་ཆེན་ཡོངས་ཀྱི་ས་གནས་ལོ་རྒྱུས་རྩོམ་སྒྲིག་བྱ་བའི་ཐད་ནས་ཡིག་ཐོག་གི་རེ་བ་བཏོན། ཧྲིན་ཀྲང་གཞོན་པ། ཞིང་ཆེན་ས་གནས་ལོ་རྒྱུས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་དབྱང་ཧྥུན་ཁྲུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལོ་རྒྱུས་རྩོམ་སྒྲིག་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཆབ་སྲིད་ཀྱི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། ཁྲིམས་བཀོད་འགན་འཁྲི་ལག་བསྟར་བྱེད་པ། རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས། སྟོབས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་ལོ་རྒྱུས་རྩོམ་སྒྲིག་ལས་དོན་སྤུས་ཚད་མཐོན་པོའི་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ཧ་ཅང་མཐོང་ཆེན་བྱེད་པ་དང་། འགོ་ཁྲིད་ལ་ཤུགས་སྣོན་པ། དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། དམིགས་འབེན་ལས་འགན་དང་དུས་ཚོད་དུས་ཚིགས་ཀྱི་རེ་བ་གཏན་ཁེལ་གསལ་བོ་བྱས་ཏེ། ཤུགས་ཆེན་པོས་ལས་འགན་ལག་ཏུ་འཛིན་པ་དང་ཕྲག་ཏུ་ཁུར་བ། འགུལ་སྐྱོད་སྟེང་ལག་བསྟར་ནན་མོ་བྱེད་དགོས། གནས་བབ་དང་བར་ཐག་ལ་ངོས་འཛིན་གསལ་བོ་བྱེད་པ་དང་། དཔེ་ལྟའི་འདུ་ཤེས་སྲ་བརྟན་དུ་གཏོང་བ། འགུལ་སྐྱོད་བྱེད་པ་དང་བྱ་བ་མྱུར་དུ་སྤེལ་ནས། ཤུགས་ཡོད་ཚད་ཀྱིས་བསྙེགས་བརྒལ་བྱེད་དགོས། སྤུས་ཚད་ལ་འགན་སྲུང་བྱེད་པ་དང་། ལོ་རྒྱུས་ཀྱི་འགན་འཁྲི་འདུ་ཤེས་ལ་བརྟེན་ནས། ཆབ་སྲིད་ཐད་ཀྱི་འགག་སྒོ་དང་ལོ་རྒྱུས་ཀྱི་འགག་སྒོ ཡི་གེ་ཡི་འགག་སྒོ པར་སྐྲུན་གྱི་འགག་སྒོ་དམ་སྲུང་བྱས་ནས། སྤུས་ལེགས་ལོ་རྒྱུས་རྩོམ་སྒྲིག་བྱེད་དགོས། ལྟ་ཞིབ་ལ་ཤུགས་སྣོན་པ་དང་། འགན་འཁྲི་རྩད་གཅོད་ནན་མོ་བྱེད་པ། གནོན་ཤུགས་ཆེ་རུ་གཏོང་བ། རིམ་པ་བཞིན་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། དུས་ལྟར་དང་སྤུས་ཚད་མཐོན་པོའི་སྒོ་ནས་ལོ་རྒྱུས་རྩོམ་སྒྲིག་གི་ཁྱོན་ཡོངས་དམིགས་འབེན་གཉིས་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།
ཀྲུང་གོའི་ས་གནས་ལོ་རྒྱུས་མཛུབ་སྟོན་ཚན་ཆུང་གཞུང་སྒྲུབ་ཁང་གི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས་ནས་མཛུབ་སྟོན་བྱས། ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི་ལོ་རྒྱུས་ཀྱི་ཁྱོན་ཡོངས་དམིགས་འབེན་གཉིས་སྤེལ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་དང་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན། རྨ་ལྷོ་ཁུལ་སྲིད་གཞུང་། ཡུས་ཧྲུའུ་ཁུལ་སྲིད་གཞུང་། ན་གོར་མོ་གྲོང་ཁྱེར་སྲིད་གཞུང་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་སྤེལ།
ཡིག་སྒྱུར་བ། རིན་ཆེན་མཚོ།