ཞིང་ཆེན་སྲིད་གཞུང་གིས་ལྐོག་འཚོང་ལ་རྡུང་རྡེག་བྱེད་པའི་ཕྱོགས་བསྡུས་བཅོས་སྐྱོང་གི་གྲོས་ཚོགས་བསྡུས།
2019.05.16 ཁུངས། ཀློག་གྲངས། 0

ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན། ཞིང་ཆེན་སྲིད་གཞུང་གིས་ལྐོག་འཚོང་ལ་རྡུང་རྡེག་བྱེད་པའི་ཕྱོགས་བསྡུས་བཅོས་སྐྱོང་གི་གྲོས་ཚོགས་བསྡུས་ཤིང་། རྒྱལ་ཡོངས་ལྐོག་འཚོང་ལ་རྡུང་རྡེག་བྱེད་པའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་།ཉིས་སྟོང་བཅོ་བརྒྱད་ལོའི་ཞིང་ཆེན་ཡོངས་ཀྱི་ལྐོག་འཚོང་རྡུང་རྡེག་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་བའི་གནས་ཚུལ་ལ་ཕྱིར་དྲན་བྱས་པ་དང་། ད་ལོའི་བྱ་བ་གལ་ཆེན་ལ་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད།

གྲོས་ཚོགས་ལས་བསྟན་དོན། ཉིས་སྟོང་བཅོ་བརྒྱད་ལོར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་ཏུ། ཞིང་ཆེན་ལྐོག་འཚོང་ལ་རྡུང་རྡེག་བྱེད་པའི་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་གྲོས་ཚོགས་ཀྱི་ཁོངས་གཏོགས་ཚོགས་མིའི་ལས་ཁུངས་མཉམ་ཞུགས་མཐུན་སྦྱོར་དང་། གནད་འཛིན་སྤྱི་གཉེར་བྱས་ཏེ། ལྐོག་འཚོང་ལ་རྡུང་རྡེག་བྱེད་པའི་མཉམ་འབྲེལ་ཆེད་དོན་འགུལ་བསྐྱོད་སྤེལ་ནས། རིགས་སོ་སོའི་ཁྲིམས་འགལ་ལྐོག་འཚོང་ལ་རྒོལ་བའི་བྱ་འགུལ་རྒྱུན་འཁྱོངས་བྱས་པས། ཞིང་ཆེན་ཡོངས་ཀྱི་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་གོ་རིམ་ལ་འགན་སྲུང་ཡོད་པར་བྱས་ཏེ། སྣ་མང་མཉམ་བཅོས་ཀྱི་ལྐོག་འཚོང་ལ་རྒོལ་བའི་ཕྱོགས་བསྡུས་བཅོས་སྐྱོང་གི་རྣམ་པ་གྲུབ་པར་བྱས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ལྐོག་འཚོང་ལ་རྡུང་རྡེག་བྱེད་པ་ནི་རྒྱལ་ཁབ་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པ་མ་ཟད། མི་དམངས་ཀྱི་ཁེ་ཕན་དང་ཡང་འབྲེལ་བ་ཡོད། རང་ཞིང་གི་ཁྲོམ་རའི་ཁོར་རྒྱུགས་ཁྱབ་ཁོངས་སྔར་ལས་སྒོ་འབྱེད་དང་ཚོང་ལས་ཁོར་ཡུག་སྔར་ལས་སྟབས་བདེ་རུ་གྱུར་པ་དང་བསྟུན་ནས། ལྐོག་འཚོང་རིགས་ཀྱི་ཉེན་ཁ་ཡང་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད་ལ། རྡུང་རྡེག་གི་གནས་ཚུལ་ཡང་སྔར་བཞིན་ཅུང་རྙོག་འཛིང་གི་རྣམ་པར་གནས་ཡོད། རིགས་སོ་སོའི་ཁོངས་གཏོགས་སྡེ་ཁག་གིས་ཆབ་སྲིད་ཀྱི་ལངས་གནས་མཐོ་ཞིང་། འདུ་ཤེས་བཞི་བརྟན་པོར་འཛུགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། ལྐོག་འཚོང་ལ་ངོ་རྒོལ་བྱེད་པའི་འགན་ནུས་ལག་བསྟར་མཐའ་འཁྱོལ་བྱེད་དགོས་པ་དང་། ལྐོག་འཚོང་ལ་རྡུང་རྡེག་བྱེད་པའི་འགན་འཁུར་ལམ་ལུགས་ཞིབ་ཕྲ་ཅན་དུ་བཏང་ནས། ཆེད་ལས་ནུས་པ་མཐོར་འདེགས་སུ་བཏང་སྟེ། ཁྲིམས་ལྟར་འགན་ནུས་ལག་བསྟར་བྱེད་པའི་ནུས་པ་དང་ཁྲིམས་བསྟར་ཡིད་རྟོན་ནུས་པ་ལ་ཕན་འབྲས་ལྡན་ཞིང་། ལྟ་སྐུལ་ཞིབ་བཤེར་གྱི་གནད་ས་དམ་འཛིན་དང་། འདྲི་བརྩད་ཤུགས་ཚད་ཆེ་རུ་བཏང་ནས། བྱ་བའི་ལག་བསྟར་དངོས་འབེབ་དོན་འཁྱོལ་བྱེད་དགོས་ཟེར།



ལོ་ཙཱ་བ། སྐལ་བཟང་རྣམ་རྒྱལ།