ཝང་ཅན་ཅུན་གྱིས་མཚོ་སྔོན་སྣུམ་ཞིང་དང་མཚོ་ནུབ་ཁུལ་མང་ངེ་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་བྱས།
2019.05.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན་ནས་ཚེས་བཅུ་དགུ་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་ཀྲུང་གོའི་རྡོ་སྣུམ་མཚོ་སྔོན་སྣུམ་ཞིང་ཡན་ལག་ཀུང་ཟི་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མང་ངེ་གྲོང་ཁྱེར་དུ་སོང་ནས། ལས་གནས་སུ་ལས་ཀ་བྱེད་བཞིན་པའི་ལས་བཟོ་བར་འཚམས་འདྲི་བྱས་པ་དང་། ཁེ་ལས་ཀྱི་འཁོར་རྒྱུག་དང་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དུས་རབས་གསར་བའི་ནང་ནུབ་རྒྱུད་གསར་སྤེལ་ཆེན་མོའི་རྣམ་པ་གསར་བ་གྲུབ་པར་བྱེད་པའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ། ཞིང་ཆེན་ཡོངས་ཀྱི་ཤར་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་བདེ་སྡོད་དང་ནུབ་རྒྱུད་ས་ཁུལ་གྱི་རྒྱུ་ནོར་བསྐྲུན་པའི་ཁུལ་ཁོངས་རྩོལ་ནུས་འབུར་དུ་ཐོན་པར་བྱས་ཏེ། ཐོན་ཁུངས་ཀྱིས་ཕྱུག་པའི་ཡུལ་ལུང་དེ་མཚོ་སྔོན་འཛུགས་སྐྲུན་ཁྲོད་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་བྱེད་དགོས་ཟེར། ཡུས་ཚོང་ལི་ཡིས་མཉམ་དུ་རྟོག་ཞིབ་བྱས།

མཚོ་སྔོན་སྣུམ་ཞིང་དུ། ཝང་ཅན་ཅུན་གྱིས་གསོར་ཁྲོན་སྔོག་འདོན་བཟོ་བཀོད་དང་རྩད་གཅོད་གསར་སྤེལ་ཞིབ་འཇུག་གླིང་། སྣུམ་ཞིང་འགྲེམ་སྟོན་ཁང་བཅས་སུ་སོང་ནས་ཐོན་སྐྱེད་ཚོང་གཉེར་དང་ལག་རྩལ་གསར་གཏོད། ཏང་གི་འཛུགས་སྐྲུན་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་བསྟན་དོན། མཚོ་སྔོན་སྣུམ་ཞིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་ནུས་ཁུངས་བདེ་འཇགས་ལ་འགན་སྲུང་བྱེད་པའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར། འཕེལ་རྒྱས་འདུ་ཤེས་གསར་བ་སྲ་བརྟན་དུ་གཏོང་བ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། སྲ་བརྟན་དང་ཤུགས་སྣོན། མཐོར་འདེགས། གེགས་མེད་ཀྱི་ཡིག་འབྲུ་བརྒྱད་ཀྱི་བྱེད་ཕྱོགས་ལ་དམིགས་ནས། རྩད་གཅོད་གསར་སྤེལ་དང་ཐོན་ཚད་མཐོར་འདེགས་ལ་དོ་སྣང་བྱེད་པ་དང་། ཏུན་བྱེ་བའི་གཞི་ཁྱོན་ཅན་གྱི་མཐོ་སྒང་སྣུམ་ཞིང་འཛུགས་སྐྲུན་བྱེད་དགོས་ཟེར།

མང་ངེ་གྲོང་ཁྱེར་དུ། ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ་གྲོང་ཁྱེར་ཞིག་འཆར་འགོད་འཛུགས་སྐྲུན་བྱེད་རྒྱུ་ནི། འཚོ་བ་ཞིག་བསྐྲུན་པ་དེ་ཡིན་ལ། ཀྲུང་དབྱང་གྲོང་ཁྱེར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། འཕེལ་རྒྱས་ཀྱི་མིག་རྒྱར་བརྟེན་ནས་གྲོང་ཁྱེར་གྱི་གནས་ཚུལ་ཐད་ཀྱི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་། ལོ་བརྒྱའི་བསམ་གཞིགས་ཇེ་བརྟན་དུ་བཏང་སྟེ། གནས་ཐིག་གཏན་ཁེལ་ལ་ཞིབ་འཇུག་བྱེད་པ་དང་། ངོ་སྤྲོད་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་དགོས། དེང་རབས་ཅན་ཀྱི་གྲོང་ཁྱེར་གསར་བ་འཛུགས་སྐྲུན་བྱེད་པར་བརྟེན་ནས་གྲོང་ཁྱེར་ལ་འཆར་འགོད་བྱེད་པ། གྲོང་ཁྱེར་འཛུགས་སྐྲུན་བཟང་བོ་བྱེད་པ། དེང་རབས་ཀྱི་རྒྱུ་ཆ་ལྡན་ལ། ས་ཁུངས་ཀྱི་ཁྱད་ཆོས་ལྡན་པར་བྱས་ནས། གྲོང་ཁྱེར་བདེ་འཇགས་དང་འཆམ་མཐུན་ཡོང་བར་བྱེད་དགོས། རྨང་གཞི་སྒྲིག་ཆས་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པ་དང་། ལས་གཞིའི་འཆར་འགོད་བྱ་བར་ཤུགས་སྣོན་པ། དངུལ་གཏོང་འགན་སྲུང་རྐྱེན་སྲོལ་འཛུགས་པ་དང་། ལྷག་པར་དུ་ས་འོག་སྦུག་དྲའི་ཐད་ཀྱི་ཞན་ཆ་ཁ་གསབ་བྱེད་དགོས་ཟེར།

རྟོག་ཞིབ་སྐབས་སུ། ཝང་ཅན་ཅུན་ད་དུང་མང་ངེ་གྲོང་ཁྱེར་སྤྱི་བདེ་བརྟག་བཤེས་ས་ཚིགས་དང་མང་ངེ་གྲོང་ཁྱེར་འགོག་སྲུང་ནགས་ཚལ་ཤར་མ་སོགས་སུ་རྟོག་ཞིབ་བྱེད་པར་སོང་ནས། རྒྱལ་དབང་ཁེ་ལས་མྱུར་དུ་ཚུལ་བསྒྱུར་བྱེད་པ་དང་ཁྱད་ལྡན་དགེ་མཚན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། སྐྱེ་ཁམས་དཔལ་ཡོན་མྱུར་དུ་འཛུགས་སྐྲུན་བྱེད་པ་སོགས་ཐད་ནས་རེ་བ་བཏོན།