ལིག་ཉིང་གིས་འགོ་མཛིན་བྱས་ནས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས།
2019.05.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་ལྔ་བའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལིག་ཉིང་གིས་འགོ་མཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ། དུས་རབས་གསར་བར་ནུབ་རྒྱུད་གསར་སྤེལ་ཆེན་པོ་སྤེལ་ནས་རྣམ་པ་གསར་བ་གྲུབ་པར་བྱེད་པའི་སྐོར་གྱི་མཛུབ་ཁྲིད་གྲོས་གཞི་དང་མཁར་གྲོང་མཉམ་བསྲེས་འཕེལ་རྒྱས་ཀྱི་སྒྲིག་གཞི་རྐྱེན་སྲོལ་དང་སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བའི་གྲོས་གཞི། སྲིད་གཞུང་གི་དངུལ་གཏོང་གི་སྲོལ་ཡིག ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཙུའུ་བྱ་བའི་སྲོལ་ཡིག་སློབ་སྦྱོང་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་བྱ་བར་ཞིབ་འཇུག་བྱས། ལིག་ཉིང་གིས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་ཡིག་ཆའི་དགོངས་དོན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། གོ་སྐབས་འདུ་ཤེས་དང་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། གནད་འགག་དང་གཙོ་གནད་དམ་འཛིན་བྱེད་པ། སྟོབས་ཤུགས་ཡོད་རྒུས་དམིགས་འབེན་ལ་གཞིགས་ནས་བྱ་བ་བཟང་བོར་བསྒྲུབ་ནས། བློ་བརྟན་འགྱུར་མེད་ཀྱིས་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་རུ་བསྐྱོད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ནུབ་རྒྱུད་གསར་སྤེལ་ཆེན་མོའི་འཐབ་ཇུས་ལག་བསྟར་བྱས་པའི་ཚུན་དུ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དེ་མྱུར་བགྲོད་ལམ་དུ་ཞུགས་པ་དང་། མཁར་གྲོང་གི་རྣམ་པར་གནམ་ས་བློ་འོག་སྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་། དུས་རབས་གསར་བའི་ནང་ནུབ་རྒྱུད་གསར་སྤེལ་ཆེན་མོའི་རྣམ་པ་གསར་བ་གྲུབ་པར་བྱེད་པའི་འདུ་ཤེས་དང་དམིགས་འབེན། རེ་བ། སྣེ་ཁྲིད་དང་ལམ་བུ་གཏན་ཁེལ་གསལ་བོ་བྱས་ཡོད་པས། ངེས་པར་དུ་ཡིག་ཆ་སློབ་སྦྱོང་དང་ཞིབ་འཇུག་ནན་མོ་བྱེད་པ་དང་། ཡིག་ཆ་ལག་བསྟར་བྱས་ནས། དེའི་ཁྲོད་མཚོ་སྔོན་འཚོལ་ཞིབ་དང་མངོན་འགྱུར་བྱེད་དགོས། གོ་སྐབས་དམ་འཛིན་བྱེད་པ་དང་འགན་འཁྲི་ཕྲག་ཏུ་ལེན་པ། ལོ་ལྔའི་འཆར་གཞི་བཅུ་བཞི་བར་ཟུང་འབྲེལ་བྱས་ཏེ། ནུབ་རྒྱུད་གསར་སྤེལ་ཆེན་མོར་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དེ་ལས་གཞི་དངོས་སུ་བསྒྱུར་བ། སྲིད་ཇུས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་དགེ་མཚན་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བསྒྱུར་ནས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལག་བསྟར་སྔར་ལས་བཟང་བོ་བྱེད་དགོས། གནད་འགག་དང་གཙོ་གནད་དམ་འཛིན་བྱེད་པ་དང་། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ལྕགས་རི་བརྟན་པོ་འཛུགས་པ་དང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་སོགས་ཀྱི་སྣེ་ཁྲིད་ནུས་པར་ཧ་ཅང་མཐོང་ཆེན་བྱེད་པ། ཞན་ཆར་ཁ་གསབ་བྱས་ཏེ། སྐྱེ་ཁམས་སྔོན་དུ་འགྲོ་བ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་བར་སྐྱོད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མཁར་གྲོང་མཉམ་བསྲེས་འཕེལ་རྒྱས་ཀྱི་སྒྲིག་གཞི་རྐྱེན་སྲོལ་དང་སྲིད་ཇུས་མ་ལག་འཛུགས་སྐྲུན་བྱེད་པ་དང་འཐུས་ཚང་དུ་གཏོང་རྒྱུ་ནི། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྟེང་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཡིན་ལ། དེར་འཚོལ་ཞིབ་རང་བཞིན་དང་བཅོས་བསྒྱུར་གསར་གཏོད་རང་བཞིན་ལྡན། ཆོས་ཉིད་གཞིར་འཛིན་པ་དང་ཁ་ཕྱོགས་ཁོང་དུ་ཆུད་པ། སྤྱི་ཁོག་ནས་འཆར་འགོད་བྱེད་པ། གཙོ་གནད་འབུར་ཐོན་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ས་བབ་དང་བསྟུན་པ་དང་རིམ་པ་བཞིན་སྤེལ་བ། ཚད་མཐའ་དམ་སྲུང་བྱེད་པ། ཉེན་ཁ་ཚོད་འགོག་བྱེད་པ། ཞིང་བ་གཙོ་གཞི་རུ་བྱེད་པ་དང་འཕེལ་རྒྱས་མཉམ་སྤྱོད་བྱེད་པའི་རྩ་དོན་ཆེན་པོ་ལྔ་རྒྱུན་འཁྱོངས་བྱེད་པ། སྲིད་གཞུང་གིས་མཁར་གྲོང་གི་གཞི་རྩའི་སྤྱི་ཐུན་ཞབས་ཞུ་དོ་མཉམ་ཅན་དུ་བསྒྱུར་བའི་ཁྲོད་ཀྱི་ནུས་པ་འདོན་སྤེལ་སྔར་ལས་བཟང་བོ་བྱེད་པ། ཚོང་རས་མཁར་གྲོང་རྒྱུ་ཆ་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ཁྲོད་ཀྱི་གཏན་ཁེལ་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་པ། མཁར་གྲོང་མཉམ་བསྲེས་འཕེལ་རྒྱས་ལ་གནོད་བྱེད་པའི་སྒྲིག་གཞི་རྐྱེན་སྲོལ་གྱི་གེགས་རྒྱ་གཏོར་ནས། ཞིང་སྡེ་དར་སྤེལ་བྱེད་པ་དང་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་བསྒྱུར་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། སྲིད་གཞུང་གི་དངུལ་གཏོང་སྲོལ་ཡིག་ནི་སྲིད་གཞུང་གི་དངུལ་གཏོང་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན། གཏན་ཁེལ་དང་རེ་བ་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། སྲིད་གཞུང་དང་ཚོང་ར། སྲིད་གཞུང་གི་དངུལ་གཏོང་དང་རིགས་མི་འདྲ་བའི་དངུལ་གཏོང་། དངུལ་གཏོང་དང་སྔོན་རྩིས་བཅས་བར་གྱི་འབྲེལ་བར་ཐག་གཅོད་ཡང་དག་བྱེད་པ། སྲིད་གཞུང་གི་དངུལ་གཏོང་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྲིད་གཞུང་གི་དངུལ་གཏོང་ཕན་འབྲས་མཐོར་འདེགས་གཏོང་བ། སྲིད་གཞུང་གི་དངུལ་གཏོང་སྤྱོད་ཚུལ་ཚད་ལྡན་དུ་བཏང་སྟེ། སྤྱི་ཚོགས་ཀྱི་དངུལ་གཏོང་གསོན་ཤུགས་ཆེར་སྐྱེད་དགོས་ཟེར།

ཚོགས་ཐོག་ནས། འདུ་ཤེས་བཞི་ཇེ་བརྟན་དུ་གཏོང་བ་དང་། སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་པ། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཙུའུ་བྱ་བའི་སྲོལ་ཡིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། སྲིད་གཞུང་ཏང་ཙུའུ་ཡི་རང་སྟེང་འཛུགས་སྐྲུན་ལ་ཤུགས་བསྣན་ནས། འགན་ནུས་བསྒྲུབ་པའི་ཆབ་སྲིད་རང་བཞིན་དང་ཕན་འབྲས་རང་བཞིན་རྒྱུན་མ་ཆད་མཐོར་འདེགས་གཏོང་དགོས་པའི་རེ་བ་བཏོན།

ཝང་ཡུས་པོ་དང་ཡན་ཅིན་ཧེ། ཝང་ལིས་མེན། ཝང་ཀྲིན་ཧྲིན། ཐེན་ཅིན་ཁྲིན། ཀྲུང་ཧོང་ཡོན་བཅས་གྲོས་ཚོགས་ལ་ཞུགས། ཁོང་ཡུང་གྲོས་ཚོགས་ལ་ཟུར་དུ་ཞུགས།