རྒྱལ་ཡོངས་ས་གནས་སྲིད་གྲོས་བྱ་བའི་ཉམས་མྱོང་བརྗེ་རེས་གྲོས་ཚོགས་དེ་པེ་ཅིན་ནས་བསྡུས།
2019.05.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

རྒྱལ་ཡོངས་ས་གནས་སྲིད་གྲོས་བྱ་བའི་ཉམས་མྱོང་བརྗེ་རེས་གྲོས་ཚོགས་དེ་ཚེས་ཉི་ཤུ་ནས་ཉེར་གཉིས་ཉིན་བར་དུ་པེ་ཅིན་ནས་བསྡུས།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།རྒྱལ་ཡོངས་སྲིད་གྲོས་ཀྲུའུ་ཞི་ཝང་ཡང་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་ཐད་ཀྱི་གལ་ཆེ་བའི་བསམ་བློར་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་།སྲིད་གྲོས་ནི་ཆེད་དུ་གྲོས་མོལ་བྱེད་པའི་སྒྲིག་སྲོལ་གྱི་འགན་ནུས་ཡོད་པའི་ཆ་ནས།ངོ་བོ་དང་གནས་ཐིག་འབུར་ཐོན་ཡོང་བར་བྱས་ནས། གྲོས་མོལ་འགན་ནུས་ལག་བསྟར་དང་།གྲོས་མོལ་སྒྲིག་སྲོལ་ལེགས་སྒྱུར།གྲོས་མོལ་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས།ས་གནས་སྲིད་གྲོས་དང་ལྷག་པར་དུ་གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་འགན་ནུས་ལག་བསྟར་བྱེད་པ་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་སྐུལ་འདེད་བཏང་ནས།མི་དམངས་སྲིད་གྲོས་ཀྱིས་རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་སྔར་ལས་ལྷག་པའི་སྒོ་ནས་ནུས་པ་འདོན་དགོས།

ཝང་དབྱང་གིས་ནན་གྱིས་བསྟན་དོན། ཏང་གིས་སྲིད་གྲོས་བྱ་བའི་འགོ་ཁྲིད་ཀྱི་རྩ་འཛུགས་མ་ལག་ཇེ་ལེགས་སུ་བཏང་ནས། སྲིད་གྲོས་བྱ་བའི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་སྲིད་གྲོས་བྱ་བའི་ཤུགས་སྣོན་དང་ལེགས་སྒྱུར་ཐད་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས་ནས་བསམ་བློའི་དྲག་ཆས་སྤྲས་པ་དང་། གྲོས་མོལ་སྲིད་གླེང་གི་སྤུས་ཚད་ཇེ་ལེགས་སུ་གཏོང་པའི་རྣམ་པ་དང་དཔྱད་བསྡུར་ཐབས་ལམ་འཚོལ་ཞིབ་བྱས་ནས། བྱ་བའི་འགན་ནུས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་དགོས། དུས་ལྟར་ས་གནས་སོ་སོའི་སྲིད་གྲོས་བྱ་བའི་བྱེད་ཐབས་གསར་པ་དང་ཉམས་མྱོང་གསར་པ་སྤྱི་བསྡོམས་དང་ཁྱབ་རྡལ་བཏང་ནས། རིམ་པ་སོ་སོའི་སྲིད་གྲོས་ཀྱི་མཛུབ་སྟོན་ལ་ཡར་རྒྱས་ཡོད་པར་བྱེད་དགོས་ཟེར།