མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་བརྗོད་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་ལས་གཞི་དངོས་སུ་སྤེལ་འགོ་བརྩམས།
2019.06.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་མཉམ་འབྲེལ་སྒོས་བསྒྲུབས་པའི། རྒྱལ་ཁབ་སྤྱི་གླིང་བརྗོད་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་ལས་གཞི་དངོས་སྤེལ་ཚོགས་ཆེན་ཟི་ལིང་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ཀྲང་ཅན་ལུང་གིས་མཉམ་དུ་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་སྒོ་བྱང་གི་ཡོལ་བ་ཕྱེས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་དང་ཀྲང་ཅན་ལུང་གིས་སོ་སོར་གཏམ་བཤད་པར་མ་ཟད། མཉམ་ལས་གྲོས་མཐུན་བཀོད།

ལིག་ཉིང་གིས་གཏམ་བཤད་སྐབས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་ལས་དོན་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས། ཁོས་བསྟན་དོན། རྒྱལ་ཁབ་སྤྱི་གླིང་བརྗོད་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་ལས་དོན་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་དང་མཚོ་སྔོན་གྱི་གནས་ཚུལ་དངོས་ནས་རྐང་ཚུགས་པར་བྱེད་པ། སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ལག་ལེན་གསོན་ཉམས་ལྡན་པ་ཞིག་ཡིན་ལ། མཚོ་སྔོན་ཞིང་ཆེན་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་གཉིས་ཀྱི་གཅིག་མཐུན་ལྟ་ཚུལ་འོག་ནས་སྤེལ་བའི་གསར་གཏོད་ཀྱི་བྱེད་ཐབས་ཤིག་ཀྱང་ཡིན། དེ་མིན་ད་དུང་ཧུར་བརྩོན་ཆེན་པོས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་སྔོན་དུ་འགྲོ་བར་བརྩོན་པ། ལྗང་མདོག་འཕེལ་རྒྱས་ལ་ཤུགས་སྣོན་པ་བཅས་ཀྱི་ལག་ལེན་འཚོལ་དཔྱོད་ཅིག་ཀྱང་ཡིན། དེ་ལས་གཞན་ད་དུང་ཁ་མིན་དོན་གྱིས་ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་གཏོད་རྒྱུ་དང་། འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་པ། བྱ་བའི་སྟོབས་ཤུགས་གཅིག་བསྡུས་བྱེད་པ། ཧུར་བརྩོན་ཆེན་པོས་གསར་གཏོད་འཚོལ་དཔྱོད་བྱེད་པ། མཁའ་དབུགས་ལེགས་པོ་བསྐྲུན་པ། ནན་ཏན་སྒོས་རྒྱལ་ཁབ་སྤྱི་གླིང་བརྗོད་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་ཞེས་པ་དངོས་འབེབས་ནན་མོ་བྱེད་པ་བཅས་ལ་འབད་དེ། དཔེ་སྟོན་ཞིང་ཆེན་བསྐྲུན་པའི་སྐོར་གྱི་ལས་རིམ་ཁག་ཚང་མ་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ་དགོས་ཟེར།

ཀྲང་ཅན་ལུང་གིས་གཏམ་བཤད་ཁྲོད་བཤད་རྒྱུར། རྒྱལ་ཁབ་སྤྱི་གླིང་བརྗོད་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལམ་ལུགས་གསར་གཏོད་ཡིན། དེ་མིན་ད་དུང་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡང་ཡིན། རྒྱལ་ཁབ་སྤྱི་གླིང་བརྗོད་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་ལས་དོན་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཐོང་ཆེན་བླ་མེད་བྱས་ཏེ་ཆ་རྐྱེན་འཛོམས་ཤིང་རྨང་གཞི་འདང་ངེས་ཡིན་པས། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་ནན་ཏན་སྒོས་འགན་གཙང་ལེན་བྱས་ཏེ། བྱ་བའི་མཛུབ་སྟོན་ལ་ཤུགས་སྣོན་དང་། སྲིད་ཇུས་དང་མ་དངུལ། འཇོན་ཐང་མི་སྣ། ལག་རྩལ་སོགས་ཀྱི་ཐད་ནས་མུ་མཐུད་དུ་རྒྱབ་སྐྱོར་བྱས་ནས། མཚོ་སྔོན་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུ་དང་ནགས་ལས་དང་རྩྭ་ཐང་ལས་དོན་འཕེལ་རྒྱས་ལ་ཆ་རྐྱེན་གསར་གཏོད་བྱེད་རྒྱུ་ཡིན་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།